༈ རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་འཇིགས་མེད་བློ་གྲོས་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ།

གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
བཀུར་འོས་པའི་དྲ་གྲོགས་རྣམ་པ། ཕྲན་སྒེར་གྱི་དྲ་ཚིགས་འདི་ནི། ཁོ་བོས་སུག་བྲིས་བྱས་པའི་རྩོམ་སྔ་ཕྱི་ཐམས་ཅད་ཁྱེད་ཅག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་སའི་ལྟེ་བ་ལྟ་བུ་ཞིག་ཡིན། གཞུང་འགྲེལ་སོགས་ཅུང་རིང་བའི་རྩོམ་རྣམས་གནས་སྐབས་སུ་འདིར་མ་ཤོང་ཡང་རིམ་གྱིས་ཡར་རྒྱས་ལ་གཏོང་རྒྱུ་ཡིན། ཁོ་བོའི་རང་མིང་དངོས་ལ་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་བཅས་ཕྲན་ལ་མིང་མི་འདྲ་བ་འགའ་ཞིག་ཡོད་པས། རྩོམ་མི་འདྲ་རྣམས་ཀྱི་མཇུག་ཏུ་དགོས་པའི་དབང་གིས་མིང་གང་ཞིག་དང་སྐབས་སུ་འཚམས་པ་བེད་སྤྱོད་བྱས་ཡོད་ཅིང་། མིང་བྲིས་མེད་ས་འགའ་རེ་ཡོད་པ་རྣམས་ཀྱང་དྲ་རྒྱ་འདིར་ཡོད་ཕྱིན་ཁོ་བོ་རང་གིས་སུག་བྲིས་འབའ་ཞིག་ཡིན། དྲ་རྒྱ་འདིར་བཅུག་མེད་པའི་རྩོམ་གཞན་ཕྲན་དང་མིང་གཅིག་པ་ཅན་འགའ་རེ་མཐོང་བ་རྣམས་ནི་ཁོ་བོ་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་དགོས་སོ།། ཐུགས་རྗེ་ཆེ།
View my complete profile

དྲ་ངོས་བཀླགས་གྲངས


ཟིན་བྲིས་འདི་གཟིགས་པར་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་དང་། དྲ་འབྱེད་གཉེན་ཆས IE7 གཉིས་་ཕབ་ལེན་བྱེད་དགོས།
Powered by Blogger.
2012/12/03


                                               དམྱལ་བ་ལས་ཐར་བའི་དགའ་སྟོན་གྱི་སྙན་ངག

ཀྱེ་ཧོ་མུ་མེད་སྲིད་པའི་རྒྱ་མཚོ་རུ༎
རྣམ་པར་བྱིངས་པའི་ལས་ཀྱི་ལྷག་མ་སྟེ༎
བསྲེག་དང་མནར་དང་སྦྲེབ་པའི་སྡུག་བསྔལ་ལས༎
གཏན་དུ་ཐར་བའི་གོ་སྐབས་དེ་རིང་རྙེད༎

བྱམས་པའི་མིག་ལ་ཁྲོས་པའི་ས་རྡུལ་བླུགས༎
བརྩེ་བའི་སྙིང་ལ་སྡང་བའི་གྲི་ཡིས་བསྣུན༎
འཇམ་པོའི་གཏམ་ལ་རྩུབ་མོས་རྒོལ་ལན་སྤྲད༎
ལས་ཀྱི་དགྲ་ཆེན་དེ་ལས་དེ་རིང་གྱེས༎



ཁྲོས་ཤིང་གཏུམ་པའི་མིག་གིས་ཡོན་པོར་བལྟ༎
གདུག་ཅིང་སྡང་བའི་སེམས་ཀྱིས་སྲོག་ལ་བསྡོ༎
གཤེ་ཞིང་དམོད་པའི་མཚོན་གྱིས་འཐག་པ་ཡི༎

མ་ཤི་དམྱལ་བའི་གནས་ལས་དེ་རིང་ཐར༎

དེ་རིང་ཡང་སོས་དམྱལ་བའི་ཚེ་ཚད་རྫོགས།།
དེ་རིང་ངུ་འབོད་མུན་པའི་བཙོན་ལས་གྲོལ།།
དེ་རིང་མེ་མ་མུར་གྱི་འོབ་ལས་ཐར།།
དེ་རིང་རལ་གྲི་སྤུ་གྲིའི་ཐང་ལས་བརྒལ།།

དེ་རིང་བྱ་རྒྱལ་རྒོད་པོ་རྙི་ལས་གྲོལ།།
དེ་རིང་བཤས་ལུགས་བཤན་པའི་ལག་ནས་ཐར།།
དེ་རིང་རྒྱལ་བུ་དགྲ་ཡི་ལག་ནས་བྲོས།།
དེ་རིང་བྱེའུ་ཆུང་སྦྲུལ་གྱི་ཁ་ནས་འཕུར༎

ཡུན་རིང་ངུས་པའི་མཆི་མ་དེ་རིང་སྐམ།།
སྡུག་གི་ཁུར་བོ་ས་ལ་དེ་རིང་ཕབ།།
མྱང་གོས་རེ་བ་ནག་པོ་དེ་རིང་བརྗེས།།
ཤུགས་རིང་འབྱིན་པའི་གྲངས་ཀ་དེ་རིང་ལོངས།།

ལས་ཀྱི་ལྷག་མ་ནག་པོ་དེ་རིང་ཟད།།
སྙིང་ལ་ཟུག་པའི་དུག་མདའ་དེ་རིང་བཏོན།།
སྤྱི་བོར་བཏབ་པའི་མཆེ་བ་དེ་རིང་བླངས།།
སྲོག་ལ་བརྙབས་པའི་ལྡེར་མོ་དེ་རིང་ཕྱེས།།

ལུས་ལ་དུག་སྦྲུལ་འཁྲིལ་བ་དེ་རིང་གྲོལ།།
སྐེ་ལ་བཙན་ཞགས་ཐེབས་པ་དེ་རིང་བླངས།།
གཅོང་ཆེན་ནད་ཀྱིས་མནར་བ་དེ་རིང་སོས།།
འཆི་བདག་ཁྲམ་ལ་བཏབས་པ་དེ་རིང་བསྣོགས།།

རི་རོང་རྟ་རྒོད་སྐེ་ལ་འདྲུད་འདྲུད་ནས།།
ཤ་སྤགས་རྩྭ་མགོ་ཤིང་མགོར་ཟགས་ཏེ་ཐལ༎
བདེན་ཆེན་མི་ལ་རྫུན་ཆེན་གཡོགས་གཡོགས་ནས༎
རྒྱུ་འབྲས་ཉན་པའི་རྣ་བ་འོན་ཏེ་ཐལ༎

སླད་ནས་སྐྱེ་བ་སྐྱེ་བའི་ཕྲེང་བ་རུ༎
འཁོར་ངན་སྦྲུལ་གྱི་ཁ་ཡི་དུག་མི་ཕོག།
ཚིག་རྩུབ་གཟན་གདུག་པའི་སྒྲ་མི་ཐོས།།
སྡང་སེམས་རྣོ་བའི་མཚོན་གྱིས་རེག་མ་གྱུར༎

ལུང་དང་རྟོགས་པའི་ཡོན་ཏན་ཆེས་ཆུང་ཡང་༎
ཕྱོགས་རིས་ཆགས་སྡང་གདུག་རྩུབ་ཆེས་ཆེ་བ༎
སྡིག་ཏོ་ཅན་གྱི་བཤེས་གཉེན་ངན་པ་དང་༎
སྐྱེ་བ་ཀུན་ཏུ་ཉེ་བར་མ་གྱུར་ཅིག།

ལས་འབྲས་མི་བརྩི་ཁྲེལ་དང་ངོ་ཚ་མེད༎
བརྩེ་གདུང་ཆུང་བས་འཁོན་དང་འཐབ་ལ་དགའ༎
སྙིང་རྗེ་མེད་པའི་བཟའ་ཟླ་ངན་པ་དང་༎
སྐྱེ་བ་ཀུན་ཏུ་འཕྲད་པར་མ་གྱུར་ཅིག།

སྐྱིད་ན་བསྟོད་ཅིང་སྡུག་ན་སྐུར་འདེབས་པའི༎
ངོ་སྐོག་མི་ཐུབ་དུག་སྦྲུལ་ལྕེ་གཉིས་མ༎
ཁྱི་ལས་རུས་རྐང་ཞན་པའི་གྲོགས་ངན་དག།
སྐྱེ་བ་ཀུན་ཏུ་མཐོང་བར་མ་གྱུར་ཅིག།

ཐོས་པ་མེད་ཅིང་ཆོས་མེད་གཉེན་གྲོགས་མེད༎
མདོ་མེད་ཁྱི་བཞིན་རྒས་པའི་སྡུག་ཡུས་ཀྱིས༎
དམ་པར་སྐུར་འདེབས་རི་སྤྱང་ངུ་བའི་སྒྲ༎
སྐྱེ་བ་ཀུན་ཏུ་ཐོས་པར་མ་གྱུར་ཅིག།

བདེན་པའི་བུ་ཆུང་རྫུན་གྱི་ནགས་སུ་བསད༎
འཇམ་པའི་ཆུ་སྐྱེས་འབར་བའི་མེ་ལ་གཡེངས༎
བདག་གིས་མྱང་བའི་སྡུག་བསྔལ་འདི་ལྟ་བུ།།
སེམས་ཅན་གཞན་གྱིས་མྱོང་བར་མ་གྱུར་ཅིག།

དམྱལ་བ་ལས་ཐར་བའི་དགའ་སྟོན་གྱི་སྙན་ངག་ཅེས་བྱ་བ།    ཕྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༣ ལ་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ་ཞེས་བྱ་བས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  





0 མཆན་བུ་འདེབ་ན་འདིར་ནོན།: