༈ རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་འཇིགས་མེད་བློ་གྲོས་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ།

གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
བཀུར་འོས་པའི་དྲ་གྲོགས་རྣམ་པ། ཕྲན་སྒེར་གྱི་དྲ་ཚིགས་འདི་ནི། ཁོ་བོས་སུག་བྲིས་བྱས་པའི་རྩོམ་སྔ་ཕྱི་ཐམས་ཅད་ཁྱེད་ཅག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་སའི་ལྟེ་བ་ལྟ་བུ་ཞིག་ཡིན། གཞུང་འགྲེལ་སོགས་ཅུང་རིང་བའི་རྩོམ་རྣམས་གནས་སྐབས་སུ་འདིར་མ་ཤོང་ཡང་རིམ་གྱིས་ཡར་རྒྱས་ལ་གཏོང་རྒྱུ་ཡིན། ཁོ་བོའི་རང་མིང་དངོས་ལ་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་བཅས་ཕྲན་ལ་མིང་མི་འདྲ་བ་འགའ་ཞིག་ཡོད་པས། རྩོམ་མི་འདྲ་རྣམས་ཀྱི་མཇུག་ཏུ་དགོས་པའི་དབང་གིས་མིང་གང་ཞིག་དང་སྐབས་སུ་འཚམས་པ་བེད་སྤྱོད་བྱས་ཡོད་ཅིང་། མིང་བྲིས་མེད་ས་འགའ་རེ་ཡོད་པ་རྣམས་ཀྱང་དྲ་རྒྱ་འདིར་ཡོད་ཕྱིན་ཁོ་བོ་རང་གིས་སུག་བྲིས་འབའ་ཞིག་ཡིན། དྲ་རྒྱ་འདིར་བཅུག་མེད་པའི་རྩོམ་གཞན་ཕྲན་དང་མིང་གཅིག་པ་ཅན་འགའ་རེ་མཐོང་བ་རྣམས་ནི་ཁོ་བོ་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་དགོས་སོ།། ཐུགས་རྗེ་ཆེ།
View my complete profile

དྲ་ངོས་བཀླགས་གྲངས


ཟིན་བྲིས་འདི་གཟིགས་པར་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་དང་། དྲ་འབྱེད་གཉེན་ཆས IE7 གཉིས་་ཕབ་ལེན་བྱེད་དགོས།
Powered by Blogger.
2012/04/18


ཆོས་རྗེ་མཁན་ཆེན་བླ་མ་མཆོག་གི་ཞབས་བརྟན་རིག་འཛིན་བྱང་ཆུབ་སེམས་དཔའི་བདེན་ཚིག་ཅེས་བྱ་བ།

ཨོཾ་སྭ་སྟི།   ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་ཆོས།།
རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་སོགས།།
སྐུ་གསུམ་རིག་འཛིན་རྒྱ་མཚོའི་བྱིན་མཐུ་ཡིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་།།
ཟ་ཧོར་ལྷ་ལྕམ་དབྱིངས་ཕྱུག་དཔལ་གྱི་ཡུམ།།
ཚེ་ཡི་རིག་འཛིན་བརྙེས་པའི་བདེན་སྟོབས་ཀྱིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

འཇམ་དཔལ་སྐུ་དང་མ་ཆགས་པདྨའི་གསུང་།།
ཡང་དག་ཐུགས་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི།།
བདུན་བརྒྱ་ཉེར་ལྔའི་ལྷ་ཡི་བྱིན་རླབས་ཀྱིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།


མ་མགོན་གཟའ་དང་དམ་ཅན་རྡོ་རྗེ་ལེགས།།
རྗེ་ཡི་མགུར་ལྷ་བོད་སྐྱོང་བརྟན་མའི་ཚོགས།།
བརྒྱུད་གསུམ་དྲེགས་པའི་ཚོགས་ཀྱི་ཕྲིན་ལས་ཀྱིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

དཔལ་ཆེན་ཧེ་རུ་ཀ་ཡི་གནས་བཅུ་དང་།།
གནས་ཡུལ་ཉེར་བཞི་དུར་ཁྲོད་ཆེ་བརྒྱད་ཀྱི།།
ཞིང་སྐྱོང་མཁའ་འགྲོ་རྒྱ་མཚོའི་དམ་ཚིག་གིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

ཐོས་པ་མདོ་རྒྱུད་རྒྱ་མཚོའི་ཕ་མཐར་སོན།།
བསམ་དང་སྒོམ་པས་གྲུབ་པའི་གོ་འཕང་བརྙེས།།
ཐུབ་བསྟན་ཚུལ་བཞིན་བཟུང་བའི་དགེ་ལེགས་དེས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

མགོན་མེད་འགྲོ་ལ་མགོན་གྱི་དམ་པར་བཞེངས།།
བསྟན་པའི་དགྲ་བོ་བདེན་པའི་གསུང་གིས་མནན།།
རེ་དོགས་མུན་པའི་དྲྭ་བ་བཅད་པ་ཡིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

ཁྱད་པར་ནུབ་ཕྱོགས་མུན་པའི་སྨག་རིམ་དུ།།
ལུང་རྟོགས་ཆོས་ཀྱི་ཕྲིན་ལས་འབུམ་བརྡལ་བས།།
སྐྱེ་དགུས་ལེགས་པར་བྱས་པའི་བསོད་ནམས་དེས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

ཡི་དམ་ཡོངས་འདུས་དཔལ་དགྱེས་རྡོ་རྗེའི་སྐུ།།
ཉེས་པའི་སྐྱོན་བྲལ་བདེན་ཚིག་རྡོ་རྗེའི་གསུང་།།
རྨི་ལམ་དབང་ཕྱུག་འོད་གསལ་རྡོ་རྗེའི་ཐུགས།།
སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་གྱུར་ཅིག།

ཅེས་ཆོས་རྗེ་མཁན་ཆེན་བླ་མ་མཆོག་གི་ཞབས་བརྟན་རིག་འཛིན་བྱང་ཆུབ་སེམས་དཔའི་བདེན་ཚིག་ཅེས་བྱ་བ་འདི་ནི། དེང་སང་གི་དུས་ན་སྐྱེ་བོ་ཕལ་མོ་ཆེ་ཤེས་རབ་འཆལ་བས་སུ་ཞིག་མི་ཆེན་དང་བླ་ཆེན་དུ་གྲགས་ཤིང་འཁོར་དང་ལོངས་སྤྱོད་སོགས་འཛོམས་ན་དེ་ཉིད་སྐྱབས་ཀྱི་མཐར་ཐུག་ཏུ་བཟུང་བ་ཙམ་ལས་རང་ངོས་ནས་ལེགས་ཉེས་དཔྱོད་པའི་བློ་གྲོས་ནི་ཞན། བདེ་བར་གཤེགས་པའི་ཆོས་ལ་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱས་ཤིང་གྲུབ་པའི་རྟགས་མཚན་ངོམ་པའི་སྐྱེས་བུ་ལོག་པར་ལྟ་བའི་ཡུལ་མིན་པ་རྣམས་ལ་ལོག་པར་བལྟས་ནས་རང་གི་རྣམ་ཤེས་ཀྱི་སྟེང་དུ་ས་སྤུངས་པའི་ཚུལ་མང་དུ་མཐོང་ན་ཡང་། ཁོ་བོ་རང་ནི་སངས་རྒྱས་དངོས་སུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་སྐུ་དྲིན་དང་། རང་ངོས་ནས་ཀྱང་ཁྱི་རྒྱ་རྒྱ་རྒྱ་ཡུལ་དུ་སོང་ཡང་། རྒྱ་ཇ་ཁ་ལ་མ་རེག་པའི་དཔེ་ལྟར་མ་བྱས་པར་ལྟོ་སྐྱ་གོས་ཧྲིལ་གྱིས་ཐོས་བསམ་ཚུལ་བཞིན་དུ་བྱས་པའི་རང་དྲིན་རང་ལ་ཆེ་བ་བྱུང་བར་བརྟེན། སྐྱེས་བུ་དམ་པ་དང་དམ་པ་མ་ཡིན་པའི་ཚུལ་དཔྱོད་པ་ལ་གྲགས་པའི་རྗེས་སུ་འབྲང་མ་དགོས་ཙམ་གྱི་ཤེས་རབ་འདི་བྱུང་བ་ཡིན་པས། དུས་ཀྱི་མཐའ་འདིར་ཡང་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེ་ཞིང་ཆོས་བརྒྱད་རེ་དོགས་ཀྱི་མདུད་པ་ལྷོད་པའི་སྐྱེས་ཆེན་དམ་པ་འདི་ལྟ་བུ་བྱུང་བ་ཤིན་ཏུ་དཀའ་བའི་ཚུལ་ལ་བསམས་ནས། མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་ཆོས་མིག་དག་པའི་སྐལ་ལྡན་མ་མཛེས་མ་སངས་རྒྱས་དཔལ་མོ་དང་། ཌཱཀྐི་རིན་ཆེན་སྒྲོལ་མ་སོགས་དང་མཉམ་དུ་ཚིག་བདུན་བླ་སྒྲུབ་ཀྱི་ཚོགས་མཆོད་གཟབ་རྒྱས་ཤིག་བྱས་པའི་སྐབས་སུ་ཡིད་ལ་གང་ཤར་སྙན་ངག་པ་དང་དག་སྣང་པའི་ལུགས་སྲོལ་གཉིས་འདྲེས་མར་བྱས་ཏེ་ངག་གི་བསོད་ནམས་ཀྱི་སྐལ་བཟང་ལྷུར་ལེན་པ་པོ་ནི།    ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་མང་དུ་ཐོས་པའི་རྒྱལ་ཁམས་པ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཏེ།   འདིས་ཀྱང་ཆོས་རྗེ་མཆོག་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག། སརྦ་མངྒ་ལཾ།། །།

1 མཆན་བུ་འདེབ་ན་འདིར་ནོན།:

༄༅།། ཨེ་མ་ཧོའི་རིག་མཛོད་། said...

༧སྐྱབས་རྗེ་འཇིགས་མེད་བློ་གྲོས་རྒྱ་མཚོ་མཆོག་གིས་བདག་ལ་བོང་བ་གསེར་གཟིགས་སུ་གནང་ནས་ཐུགས་སྨོན་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ། ཤྲྰིས་སོ།