༈ རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་འཇིགས་མེད་བློ་གྲོས་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ།

གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
བཀུར་འོས་པའི་དྲ་གྲོགས་རྣམ་པ། ཕྲན་སྒེར་གྱི་དྲ་ཚིགས་འདི་ནི། ཁོ་བོས་སུག་བྲིས་བྱས་པའི་རྩོམ་སྔ་ཕྱི་ཐམས་ཅད་ཁྱེད་ཅག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་སའི་ལྟེ་བ་ལྟ་བུ་ཞིག་ཡིན། གཞུང་འགྲེལ་སོགས་ཅུང་རིང་བའི་རྩོམ་རྣམས་གནས་སྐབས་སུ་འདིར་མ་ཤོང་ཡང་རིམ་གྱིས་ཡར་རྒྱས་ལ་གཏོང་རྒྱུ་ཡིན། ཁོ་བོའི་རང་མིང་དངོས་ལ་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་བཅས་ཕྲན་ལ་མིང་མི་འདྲ་བ་འགའ་ཞིག་ཡོད་པས། རྩོམ་མི་འདྲ་རྣམས་ཀྱི་མཇུག་ཏུ་དགོས་པའི་དབང་གིས་མིང་གང་ཞིག་དང་སྐབས་སུ་འཚམས་པ་བེད་སྤྱོད་བྱས་ཡོད་ཅིང་། མིང་བྲིས་མེད་ས་འགའ་རེ་ཡོད་པ་རྣམས་ཀྱང་དྲ་རྒྱ་འདིར་ཡོད་ཕྱིན་ཁོ་བོ་རང་གིས་སུག་བྲིས་འབའ་ཞིག་ཡིན། དྲ་རྒྱ་འདིར་བཅུག་མེད་པའི་རྩོམ་གཞན་ཕྲན་དང་མིང་གཅིག་པ་ཅན་འགའ་རེ་མཐོང་བ་རྣམས་ནི་ཁོ་བོ་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་དགོས་སོ།། ཐུགས་རྗེ་ཆེ།
View my complete profile

དྲ་ངོས་བཀླགས་གྲངས


ཟིན་བྲིས་འདི་གཟིགས་པར་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་དང་། དྲ་འབྱེད་གཉེན་ཆས IE7 གཉིས་་ཕབ་ལེན་བྱེད་དགོས།
Powered by Blogger.
2011/10/24


སྤོབས་པ་མཐའ་ཡས་སོགས་ཀྱི་དྲིས་ལན།

སྤོབས་པ་མཐའ་ཡས་ལགས་སུ།   ཉིད་ཀྱི་དྲི་བ་དེ་ཉིན་ཤས་སྔོན་ནས་མཐོང་སོང་ཡང་།   དེ་རིང་གི་བར་དུ་ལན་འབུལ་རྒྱུའི་དུས་ཚོད་མ་བྱུང་བར་དགོངས་པ་མ་ཚོམས་རོགས་ཞུ།   དེ་བཞིན་ལ་སྟོད་བུ་ལགས་ཀྱིས་མཆན་འདེབས་མཁན་རྣམས་ལ་མཐོང་ཆུང་མ་བྱེད་པར་ལན་འདེབས་རོགས་གསུངས་འདུག་ཀྱང་།   མཐོང་ཆུང་ག་ལ་ཡིན་ཏེ་ཉིན་འདི་དག་གི་རིང་ཐ་ན་ངལ་གསོ་ཡག་པོ་ཞིག་ཀྱང་རྒྱག་ལོངས་མ་བྱུང་བས་ལན་འབྲི་རྒྱུའི་དུས་ཚོད་བྱུང་མ་སོང་ལགས།   དེ་རིང་གཟའ་སྤེན་པ་ཡིན་ཡང་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཡིག་ཆ་ཞིག་གི་ཆེད་དུ་གཞུང་གི་ལས་ཁུངས་ཁག་ཏུ་སོང་སྟེ་ཉིན་གང་པོར་བསྒུགས་པ་དང་།   དགོང་མོའི་ཆུ་ཚོད་དྲུག་པའི་ཐོག་གཟོད་ཁྱིམ་དུ་སླེབས་ཐུབ་པ་ཙམ་བྱུང་།   ཁར་སང་ཁར་ཉིན་ཡང་གཅིག་མཚུངས་ཡིན།   ཁོ་བོའི་གྲོགས་པོ་རྨ་ཆུའི་དར་རྒྱས་ངའི་སར་ཕེབས་པ་ལ་སྣེ་ལེན་ཡག་པོ་ཞིག་བྱེད་ལོངས་མ་བྱུང་བར།   ཉིན་གཉིས་གསུམ་ལ་ཁོང་དང་ངའི་བུ་ཆུང་གཉིས་གཅིག་པུར་ཁྱིམ་དུ་བཞག་ནས་ཕྱི་ལོགས་སུ་འགྲོ་དགོས་བྱུང་སོང་།   དེ་བས་ཐོག་མར་ལན་དུས་ཐོག་ཏུ་འབུལ་མ་ཐུབ་པར་དགོངས་སེལ་ཞུ་བ་ཡིན།    

དེ་ནས་དངོས་གཞིའི་ལན་ནི།   རང་རེ་དམ་ཚིག་མ་ཉམས་པའི་རྡོ་རྗེའི་མཆེད་གྲོགས་རྣམས་ཀྱི་ནང་དུ་རྫོགས་ཆེན་དང་བྱང་སེམས་སོགས་ཀྱི་གོ་བསྡུར་གང་འདོད་ལྟར་ལོས་བྱེད་དེ།    འོན་ཀྱང་དེ་རིང་འདིར་ཁྱེད་ལ་མང་པོ་ཞིག་ཞུ་རྒྱུ་མི་འདུག་ལགས།    རྒྱུ་མཚན་ནི།   ཁྱེད་ཀྱིས་གསུངས་པ་དང་ཁོ་བོས་བྲིས་ཡོད་པ་གཉིས་གཅིག་མཚུངས་རེད་འདུག་པས་ད་ནི་ཅི་ཞིག་བཤད་དགོས་ཀྱང་ཤེས་ཀྱི་མི་འདུག   ཟླ་བ་གྲགས་པས།   སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་།།   བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ་ཞེས་སྙིང་རྗེ་དང་།   གཉིས་སུ་མེད་པའི་བློ་དང་།   བྱང་ཆུབ་ཀྱི་སེམས་གསུམ་པོ་དགོས་པར་ཞལ་གྱིས་བཞེས་ཟིན་པ་ལ།   ད་དུང་སྙིང་རྗེ་དང་།   གཉིས་སུ་མེད་པའི་བློ་དང་།   བྱང་ཆུབ་ཀྱི་སེམས་གསུམ་པོ་མི་དགོས་པའི་རྒྱལ་སྲས་ཞིག་གང་དུ་ཡོད་ཅེས་རྒོལ་ན་ལན་ཅི་ཞིག་རྒྱག་དགོས་སམ།    ཧ་ལམ་མཆོག་ཉིད་ཐུགས་ཉམས་འུར་ནས་ཁོ་བོས་བྲིས་པའི་སྙིང་རྗེའི་སྐོར་དེའི་ཚིག་དོན་ལ་དོ་སྣང་མེད་བཞིན་དུ་བཀླགས་པ་འདྲ་བས།   ཡང་བསྐྱར་ཐེངས་གཅིག་ཀློག་རོགས་ཞུ་བ་ཡིན་ལགས།   གལ་ཏེ་དེ་འདྲ་མིན་པར་སྙིང་ཐིག་པ་ཞིག་གིས་རྫོགས་ཆེན་སྤང་དགོས་པར་བཤད་ཀྱི་འདུག་ཟེར་བ་དང་།    རྫོགས་ཆེན་གྱི་ཉམས་ལེན་སྙིང་རྗེ་དང་མ་འབྲེལ་བ་ཞིག་ཡིན་པར་བཤད་ཀྱི་འདུག་ཟེར་བ་དང་།  ཡང་སྙིང་རྗེ་ཆེན་པོ་ནི་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གང་ཡང་མིན་པར་བཤད་ཀྱི་འདུག་ཟེར་བ་ལྟ་བུའི་གླེང་ཕྱོགས་འདྲ་བཟོ་དགོངས་པ་ཡིན་ན་ནི་ཅི་འདོད་མཛོད་དང་།   དོན་ལ་རྟོན་མཁན་ཞིག་ཡིན་ན་ཡིག་ཐོག་ཏུ་བྲིས་ནས་དྲ་ཐོག་ཏུ་བཞག་ཡོད་པ་ཁོ་རང་གིས་བདེན་དཔང་བྱེད་ཀྱི་རེད།   
མདོ་འགག་ནི་རྫོགས་ཆེན་གྱི་གྲུབ་མཐའ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་།    སྙིང་རྗེ་ཆེན་པོ་རྫོགས་ཆེན་གྱི་སྦྱོར་དངོས་རྗེས་གསུམ་གང་ལ་འབྲལ་མེད་དུ་འགྲོགས་ཡོད་པ་ཞིག་ལོས་ཡིན།   དེར་བརྟེན་ངས་ཀྱང་དེ་ཀ་རང་དུ་བྲིས་ཡོད།   ཁྱེད་ཀྱིས་གསར་དུ་གཟིགས་པའི་ལུང་དེ་དག་ཁོ་བོས་རང་གིས་ཞུས་ཤིང་གཞན་ལ་བཤད་དེ་ལོ་ངོ་བཅུ་བཅོ་ལྔ་ལྷག་ཕྱིན་ཟིན་པ་ཡིན་ལགས།     འོན་ཀྱང་ཉམས་སུ་ལེན་ཚུལ་གྱི་དབང་དུ་བྱས་ན་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་རྫོགས་པ་ཆེན་པོའི་མན་ངག་གི་རིག་པ་ངོ་སྤྲད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པས་ཐོག་མར་སྙིང་རྗེའི་ཉམས་ལེན་བྱེ་བྲག་ཏུ་བཤད་དགོས་ཤིང་།   དངོས་གཞི་རིག་པ་རྩལ་གྱི་དབང་བསྐུར་བའི་སྐབས་སུ་ཡང་དྲན་གསོ་བྱེད་དགོས་པ་ཡིན།
དཔེར་ན།  བསྐྱེད་རིམ་ཐུན་གཅིག་བསྒོམ་ཡང་ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ་ཀྱི་ཡོད་ལ།  སྙིང་རྗེ་སྒྱུ་མའི་མངོན་རྟོགས་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་ལོགས་སུ་སྒོམ་གྱི་ཡོད་པ་ལས།   དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅིག་ཡིན་ཟེར་ནས་དེས་འཐུས་པར་བྱེད་ཀྱི་མེད།   འདི་ནི་སྙིང་རྗེའི་རྩལ་སྦྱོང་བའི་མན་ངག་གི་ཁྱད་པར་རེད།    དེ་བཞིན་རྫོགས་པ་ཆེན་པོའི་རིག་པ་ངོ་འཕྲོད་ན་སྙིང་རྗེའི་སྙིང་པོ་ཡར་ལྡན་དུ་ཡོད་ཟེར་ནས།   ཐོག་མ་ཉིད་ནས་སྙིང་རྗེའི་དམིགས་རྣམ་ཡལ་བར་དོར་དེ་དངོས་གཞིའི་མན་ངག་ལ་འཇུག་པའི་ཕྱག་སྲོལ་མེད།   རྒྱལ་པོ་ཨིནྡྲ་བྷུ་ཏི་དང་།  སྤང་མི་ཕམ་མགོན་པོ་ལྟ་བུ་ནི་རྟོགས་གྲོལ་དུས་མཉམ་ཡིན་པས།   འདིའི་རིགས་ཀྱིས་ཐབས་སྙིང་རྗེ་ཆེན་པོའི་མན་ངག་སོགས་ལ་སྐྱེ་བ་སྔོན་མ་རྣམས་སུ་གོམས་པ་མཐར་ཕྱིན་པར་བྱས་ཟིན་པར་གསུངས་ཏེ།   མངའ་རིའི་པཎ་ཆེན་གྱིས།།   རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་དེ།།   དབང་བསྐུར་ཐོབ་པས་སྡོམ་གསུམ་གཅིག་ཆར་སྐྱེ།།   རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷུ་ཏི་བཞིན་ཞེས་གསུངས་ཡོད།   
དེས་ན་སྤྱིར་རྫོགས་པ་ཆེན་པོའི་གདུལ་བྱ་དཀྱུས་མ་ཞིག་གི་དབང་དུ་བྱས་ན།    སྙིང་རྗེའི་ཉམས་ལེན་སྔོན་དུ་མ་སོང་བར་རྫོགས་ཆེན་བསྒོམ་སྐད་ནི་གཅིག་བྱས་ན་ལམ་གོལ་དུ་མི་འགྲོ་བའི་ངེས་པ་ཡང་མེད་དེ།    ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས།།   ཆོས་རྫོགས་པ་ཆེན་པོ་ཟབ་ན་ཡང་།།   གཞི་བྱང་ཆུབ་སེམས་དང་མི་ལྡན་ན།།   ཐེག་ཆེན་གྱི་གྲས་སུ་ཚུད་དཀའ་བས།།   བྱང་ཆུབ་ཀྱི་སེམས་ལ་ནན་ཏན་མཛོད།།   ཅེས་གསུངས་པ་ལྟ་བུ་ཡིན།   མདོར་བསྡུ་ན།   སྟོང་ཉིད་རྟོགས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བར་གསུངས་པ་ལྟར།   རྫོགས་པ་ཆེན་པོའི་རིག་པ་ངོ་འཕྲོད་ཅིང་སྣང་བཞི་མཐར་རུ་ཕྱིན་ན་སྙིང་རྗེ་རྒྱུན་ཆད་པའི་སེམས་ཁྲལ་མེད་མོད་ཀྱང་།   རྟོགས་པ་མཐོན་པོར་སླེབས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བ་ཡིན་པས་ཐོག་མ་ཉིད་ནས་དངོས་གཞི་ལ་འཇུག་དགོས་ཟེར་བའི་ཕྱག་བཞེས་མེད་པ་དང་།   བྱམས་སྙིང་རྗེ་སོགས་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་རྣམས་ཀྱི་རྩ་བ་བརྟན་པོ་བྱས་ནས་གཟོད་རྫོགས་པ་ཆེན་པོའི་མཐར་ཐུག་གི་མན་ངག་ནོད་དགོས་པ་བརྒྱུད་པའི་ཕྱག་བཞེས་ཡིན།  ཕྱག་བཞེས་འདི་ཡང་ལུགས་སྲོལ་རྒྱུན་སྐྱོང་ཙམ་མིན་པར་མན་ངག་གི་གལ་གནད་ཆེན་པོ་ཞིག་ཡིན་པས།   དཔེར་ན།   བོད་དུ་རྫོགས་པ་ཆེན་པོ་མན་ངག་སྡེའི་བརྒྱུད་པའི་རྩ་བ་ནི་སློབ་དཔོན་ཆེན་པོ་དང་།  བི་མ་ལ་གཉིས་ཡིན་ལ།  བི་མ་སྙིང་ཐིག་གི་མན་ངག་གི་བཅུད་ཕྱུངས་པ་བླ་མ་ཡང་ཏིག་ཡིན།   བླ་མ་ཡང་ཏིག་ལ་ཁ་བྱང་འོད་གསལ་སྙིང་པོ་དང་ཉི་མའི་སྙིང་པོ་གཉིས་སུ་ཆོས་ཚན་གྱི་གྲངས་ཅུང་མི་འདྲ་བར་བྱུང་ཡང་ད་སྐབས་དངོས་སུ་བཞུགས་པ་ལ་ཆོས་ཚན་རེ་དྲུག་ཡོད་པ་དང་།    སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད།   དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད།    ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་བཅས་དོན་ཁྲིད་སྐོར་གསུམ་པོ་འདི་བླ་མ་ཡང་ཏིག་གི་མན་ངག་ཀུན་གྱི་གཙོ་བོ་ཡིན།   དེ་ཡང་།  ཁ་བྱང་གཉིས་ཀྱི་གང་གི་ནང་ཡིན་བལྟ་ཁོམ་མ་བྱུང་ཡང་།  ཁ་བྱང་གཅིག་གི་ནང་དུ།   སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཀྱིས།།   གོང་མའི་དོན་ལ་འཇུག་པའི་རྐང་སྟེགས་བྱེད།།   དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་ཀྱིས།།   བདེ་གཤེགས་སྙིང་པོའི་དོན་ལ་དངོས་སུ་སྦྱོར།།   ཁྲེགས་ཆོད་ཡེ་བབས་སོར་བཞག་དོན་ཁྲིད་ཀྱིས།།   གཤིས་ཀྱི་ངང་དེར་མཐར་འཛིན་སྒྲོ་འདོག་གཅོད་ཅེས་བྱུང་བ་དང་།   ཡང་སྙིང་ཐིག་གོང་འོག་གཉིས་ཀྱི་མན་ངག་གི་བཅུད་བསྡུས་པའི་མཐར་ཐུག་གི་ཁྲིད་ཡིག་ཡེ་ཤེས་བླ་མའི་དབང་པོ་རབ་ཀྱི་ངོ་སྐལ་གྱི་ཁྲིད་ཀྱི་སྐབས་སུ།   སྔོན་འགྲོ་སྐུ་གསུམ་གྱི་སྣ་ཁྲིད་པ་དང་།   རིག་པའི་སྣ་ཁྲིད་པ།  འབྱུང་བཞིའི་སྣ་ཁྲིད་པ་རྩལ་སྦྱོང་དང་བཅས་པ་སོགས་བྱུང་བ་ཡིན།    དེ་ལྟར་ན་ཚེ་མི་རྟག་པ་སོགས་ཐུན་མོང་གི་སྔོན་འགྲོ་དང་།   བྱམས་པ་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོ།     རིག་པའི་སྣ་ཁྲིད་པ་སོགས་ཁྱད་པར་གྱི་སྔོན་འགྲོ་རྣམས་དངོས་གཞིའི་མན་ངག་གི་རིག་པ་ངོ་སྤྲོད་པའི་སྔ་རོལ་ཏུ་ཉམས་སུ་ལེན་དགོས་པས།   ཁོ་བོས་རྫོགས་པ་ཆེན་པོའི་མན་ངག་བསྒོམ་པའི་སྔོན་དུ་བྱམས་སྙིང་རྗེ་བསྒོམ་དགོས་པ་གཙོ་བོར་བཤད་པ་ཡིན།   དེ་ཡང་ཆོས་སྒོར་ཞུགས་པ་ཞིག་ཡིན་ཕྱིན་ཚེ་མི་རྟག་པ་དང་།   འཁོར་བའི་ཉེས་དམིགས་སོགས་ཤེས་ཡོད་པའི་ཁུལ་ཡིན་པ་དང་།   ཁྱད་པར་གྱི་སྔོན་འགྲོ་ནི་རྫོགས་ཆེན་གྱི་ངོ་སྤྲོད་རང་གི་སྐབས་སུ་བྱུང་བ་ཡིན་ཞིང་།    ཐེག་ཆེན་ལམ་གྱི་གཞུང་ཤིང་བྱམས་སྙིང་རྗེ་ནི་དེའི་བར་ཞིག་ལས་ལྷག་འགྲོ་བར་མཐོང་བས་སྙིང་རྗེའི་ཉམས་ལེན་བྱེ་བྲག་ཏུ་བཤད་པ་ཡིན།    མ་མཐའ་ཡང་རྫོགས་ཆེན་གྱི་རྐྱལ་པ་ཡིན་ཟེར་མཁན་ཞིག་གི་རྒྱུད་ལ་རྟོགས་པ་མཐོ་སྐད་ཙམ་མ་གཏོགས།   སེམས་ཅན་སྤྱི་དང་ཐ་ན་རང་གི་མིག་མདུན་དུ་རྒྱུ་མ་ས་ཐོག་ཏུ་ལུག་ནས་སྡོད་མཁན་ཞིག་བྱུང་ཡང་།    མིག་ཟུར་ཙམ་ཞིག་གིས་མི་བལྟ་བར་ཐོག་ནས་མཆོང་འགྲོ་མཁན་ཞིག་ཡིན་ན།   རྫོགས་ཆེན་གྱི་ཞབས་འདྲེན་ཡིན་པས་རྫོགས་ཆེན་བསྒོམ་པའི་སྔོན་དུ་སྙིང་རྗེའི་བག་ཆགས་གཏིང་ཟབ་མོ་འཇོག་དགོས་པ་བླ་མ་རྣམས་ཀྱི་ལས་འགན་ཡིན།     
ཡང་ཀ་དག་ཁྲེགས་ཆོད་ཀྱི་མངོན་སུམ་ཅར་ཕོག་ཏུ་ངོ་སྤྲད་པའི་མན་ངག་དང་།   ལྷུན་གྲུབ་ཐོད་རྒལ་གྱི་ཐོད་རྒལ་སྤྱི་ལ་གཅེས་པའི་ཆིངས།   གནད་མངོན་དུ་སྟོན་པའི་ཐབས།   རྟགས་སྣང་བ་བཞིའི་ས་མཚམས།    མཐའ་རྟེན་གྱི་མན་ངག་སོགས་ཀྱི་གང་གི་སྐབས་སུ་མར་ཤེས་དྲིན་དྲན་སོགས་བྱམས་རྙིང་རྗེའི་མན་ངག་རྣམས་མི་འབྱུང་བས།   འདི་དག་ཐོག་མར་ཅིས་ཀྱང་སྦྱོང་དགོས་པ་སེམས་ཉིད་ངལ་གསོ་དང་ཡོན་ཏན་མཛོད་སོགས་བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཏུ་ཚང་བའི་གཞུང་རྣམས་ལ་བལྟས་ཀྱང་ཤེས་ངེས་དང་།  བོད་ཀྱི་རྫོགས་ཆེན་པ་རྣམས་དང་ནུབ་ཕྱོགས་ཀྱི་རྫོགས་ཆེན་པ་རྣམས་ཀྱི་བར་ལ་སེམས་ཅན་གྱི་ལུས་སྲོག་ལོངས་སྤྱོད་ལ་འཚེ་མི་འཚེའི་ཁྱད་པར་ཅི་ཙམ་ཡོད་པ་འདིས་ཀྱང་མྱོང་བའི་ཐོག་ནས་ཤེས་ཐུབ་པས།   སྔོན་འགྲོ་མེད་པ་ཞིག་ལ་དངོས་གཞིའི་ཁྲིད་འདེབས་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད།    ད་དུང་ནུབ་ཕྱོགས་པ་རྣམས་ལ་ཐོག་མར་སྙིང་རྗེའི་ཉམས་ལེན་གཙོ་བོར་མ་བཤད་ན།   ཁྲིད་ཐོབ་རྗེས་དེ་ཙམ་མ་གཏོགས་ཆོས་གཞན་མི་དགོས་པའམ།  ཡང་ན་གཞན་རྣམས་ཆོས་མིན་པ་ལྟ་བུར་སེམས་ཀྱི་འདུག་པས།   ཧ་ལམ་མི་ཚེ་གང་པོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཐུན་གཅིག་བསྒོམ་རྒྱུའི་སྐལ་བ་མེད་པར་སྣང་སྟེ།  དེ་ལྟར་ན་ནང་པའི་ཆོས་པ་སྤྱིའི་ཞབས་འདྲེན་ཡང་ཆགས་ཀྱི་འདུག་ལགས།      
དེ་ནས་ཉིད་ཀྱིས་སྙིང་རྗེ་དང་མ་འབྲེལ་བའི་རྫོགས་ཆེན་ཞེས་པ་ཞིག་སུས་བཤད་འདུག སྙིང་རྗེ་དང་མ་འབྲེལ་བའི་རྫོགས་ཆེན་རྐྱང་བ་ཞེས་པ་ཞིག་ཉམས་སུ་བླངས་ནས་སུ་ཞིག་ཕུང་སོང་བ་རེད་གསུངས་པ་སོགས་ཀྱི་ལན་ནི།   དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་པ་དེའི་ཕྱེད་ཕྱི་མ་རུ་ཡོད་པས།  དྲ་བདག་རྣམས་ཀྱིས་ག་དུས་དྲ་ཐོག་བཞག་ན་དེ་དུས་གཟིགས་རོགས་ཞུ་བ་ལགས།   དེ་ཡང་སྙིང་རྗེའི་བསྟན་བཅོས་འདི་ཅུང་རིང་བས་དུམ་བུ་གཉིས་མ་བྱས་པར་མ་ཤོངས་པ་ཡིན་འདུག   ཡང་སྙིང་རྗེ་ལ་སྦྱངས་ན་རྫོགས་ཆེན་འདོར་དགོས་པ་དང་རྫོགས་ཆེན་ཉམས་སུ་བླངས་ན་སྙིང་རྗེ་བོར་སོང་བ་ཞིག་མ་རེད་ཅེས་ཞུ་བཞིན་ཡོད་གསུངས་པ་ལ།   དེ་དེ་བཞིན་ནོ་ཞེས་ཞུ་རྒྱུ་དང་།   རྫོགས་ཆེན་གྱི་ཚབ་ལ་སྙིང་རྗེ་ཉམས་སུ་ལོངས་ཟེར་བ་དེ་འདྲ་ཁོ་བོས་གང་དུ་ཡང་བྲིས་མེད་པས་གོང་དུ་ཞུས་ཟིན་པ་ལྟར་ཡང་བསྐྱར་གཟིགས་རོགས་ཞུ་རྒྱུ་ཡིན་ལགས།   
ད་ནི་མཆན་འདེབས་མཁན་གཞན་རྣམས་ཀྱི་ནང་ནས་དྲ་གྲོགས་ཕན་ཚུན་ལ་དྲིས་པ་མིན་པར་ཁོ་བོ་ལ་ཐད་ཀར་དྲི་བ་གནང་བ་རྣམས་ལ་ལན་ཉུང་ཙམ་ཞུ་རྒྱུར།   
༡༽    རྫོགས་པ་ཆེན་པོའི་ཚིག་ཀ་དག་དང་ལྷུན་གྲུབ་སོགས་ཀྱི་སྐོར་ལ་ཡང་ཚིག་འགྲེལ་ཞིག་བསྐྱོན་གནང་རོགས་ཞུ། དེ་དག་ཀྱང་སྙིང་རྗེ་དང་འབྲེལ་བ་ཆེ་ཤས་ཤིག་ཡིན་ཚོད་ཡོད་རབས་ཤིག་ཐོས་མོད། ཅེས་པ་ལ།   ཀ་དག་ནི་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་དོན་དེ།   ངེས་ཤེས་སྒྲོན་མེ་ལས།   འཕགས་ཡུལ་དཔལ་ལྡན་ཟླ་བ་དང་།།  བོད་ན་རོང་ཟོམ་ཆོས་བཟང་གཉིས།།   དགོངས་པ་གཅིག་དང་དབྱངས་གཅིག་གིས།།   ཀ་དག་སྟོང་པ་ཆེན་པོར་བསྒྲུབས།།   ཞེས་དང་།   ཀ་དག་གདར་ཤ་ཆོད་པ་ལ།།   ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས།།   སྤྲོས་བྲལ་ཙམ་གྱི་ཆ་ནས་ནི།།   འདི་གཉིས་ཁྱད་པར་མེད་དོ་གསུངས།།   ཞེས་སོགས་གསུངས་པ་ལྟ་བུ་ཡིན།   ལྷུན་གྲུབ་ཐོད་རྒལ་གྱི་ལྷུན་གྲུབ་ནི།   གང་ཞིག་མངོན་དུ་གྱུར་བའི་རང་བྱུང་གི་ཡེ་ཤེས་སམ་རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་ཉིད་ལམ་རྐྱེན་གྱིས་གསར་དུ་བསྐྱེད་པ་མིན་པར་གདོད་ནས་གཞི་ལ་ལྷུན་གྲུབ་བམ་རང་ཆས་སུ་བཞུགས་པའི་དོན་དེ།   ཡིད་བཞིན་མཛོད་ལས།  ཇི་ལྟར་ཉི་ཟླ་སྤྲིན་དང་བྲལ་བ་བཞིན།།   ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བ་ན།།   བྱང་ཆུབ་ཅེས་བྱ་ལྷུན་གྲུབ་ཡོན་ཏན་སྣང་།།   ཞེས་དང་།   ཡེ་ཤེས་བླ་མ་ལས།   གདོད་ནས་ངོ་བོ་འགྱུར་བ་མེད་ལ་གློ་བུར་དྲི་མའི་དག་བྱ་ཅན།།   ཞེས་སོགས་གསུངས་པ་ལྟར་ཡིན་ལ།   འདིའི་ཐོག་ནས་གསར་རྙིང་གཉིས་ལ་བདེ་གཤེགས་སྙིང་པོའི་རྣམ་གཞག་འཇོག་སྟངས་མི་འདྲ་བར་བྱུང་བས།   རྒྱུད་བླ་མ་ལས།  རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།།  ཞེས་སོགས་ཀྱི་ཐད་ལ་འགྲེལ་ཚུལ་མི་འདྲ་བ་མང་པོ་བྱུང་ཞིང་།  དེ་ཡང་བཀའ་བརྒྱུད་དང་དགེ་ལྡན་སོགས་ཕྱོགས་འདྲ་དང་།   ཇོ་ནང་དང་རྙིང་མ་སོགས་ཕྱོགས་འདྲ་བྱུང་བ་ཡིན།   འདིའི་སྐོར་ཞིབ་ཏུ་ཞུ་རྒྱུའི་དུས་ཚོད་མི་འདུག་པས་དེ་ཙམ་གྱིས་འཐུས་པར་བྱེད།   ཤེས་འདོད་དག་གིས་འཇུ་མི་ཕམ་པའི་བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་དང་།   དོལ་པོའི་རི་ཆོས་དང་རྒྱུད་བླའི་འགྲེལ་བ།   བུ་སྟོན་གྱི་བདེ་གཤེགས་སྙིང་པོའི་སྤྱི་དོན།   རྒྱལ་ཚབ་རྗེའི་རྒྱུད་བླའི་འགྲེལ་བ་སོགས་ལ་གཟིགས་མཛོད།   ཐོད་རྒལ་གྱི་དོན་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དེ་ཉིད་ལམ་རིམ་གྱིས་མངོན་དུ་གྱུར་བ་ལ་མ་ལྟོས་པར།   བཞུགས་སྟངས་དང་གཟིགས་སྟངས་ཀྱི་གནད་ཀྱིས་གཅུན་ཏེ་བཙན་ཐབས་ཀྱིས་མངོན་དུ་གྱུར་བར་བྱེད་པའི་དོན་ཡིན་ཞིང་།   དཔེར་ན་སྐས་ཐེམ་དང་པོ་ལས་སྐས་ཐེམ་གཉིས་པ་མ་བརྒྱུད་པར་གསུམ་པ་འམ་ལྔ་བར་སྤོས་པ་ལྟ་བུའི་དོན་ཡིན་པས།   རིག་འཛིན་འཇིགས་གླིང་གིས།  བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས།།    གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་སར།།  ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལ།།  ཞེས་གསུངས་པ་ལྟ་བུ་ལགས།
༢༽    ཡང་སློབ་དཔོན་འདི་བ་ཚང་ལའང་རྒད་པོ་མགོ་སེར་ཞིག་གིས་སྙིང་རྗེ་དེ་ཡང་འདོད་ཆགས་ཡིན་ནོ་ཞེས་ལན་བརྒྱབ་ན་འདི་པས་རྩོད་སྤོང་ཇི་ལྟར་བྱེད་རྒྱུ་ཡིན་ན།   ཞེས་པར།   སྤྱིར་ཡིན་ན་སྐད་ཆ་དེའི་རིགས་བཤད་མཁན་ལ་ལན་རྒྱག་མི་དགོས་པར།   ལགས་སོ་ཞེས་འཛུམ་ཙམ་བྱས་ཏེ་བསྡད་ན་ཆོག    ཅིས་ཀྱང་ལན་དགོས་ན་རྒད་པོ་དེ་ལ་ཁྱོད་ཀྱི་ཕ་རྒན་ལོ་བརྒྱད་ཅུ་ལོན་པ་ཞིག་རླངས་འཁོར་གྱིས་བརྡབས་ནས་ཤི་མ་གསོན་དུ་ལུས་ཡོད་ན།   ཁྱོད་ཕ་རྒན་ལ་སྙིང་རྗེ་འམ།   སྙིང་རྗེ་ན་དེ་འདོད་ཆགས་དང་འབྲེལ་བ་ཡོད་དམ་ཞེས་དྲིས་ཤིག    རྣམ་པ་གཅིག་ཏུ་ན་སེམས་ཅན་བློས་མི་གཏོང་བའི་སྙིང་རྗེ་འདོད་ཆགས་དང་འབྲེལ་བ་ཡོད་པར་བཤད་ས་ཡང་ཡོད་དེ།   ཇོ་བོ་རྗེས།   འཇིག་ཚོགས་ལ་བལྟ་བ་སངས་རྒྱས་ཀྱི་གདུང་ཡིན་པར་གསུངས་པ་དང་།   ད་དུང་འདོད་ཆགས་ཁོ་རང་ཡང་སྔགས་ཙམ་མ་ཟད་མདོ་ལས་ཀྱང་དེ་ཙམ་དགག་བྱ་མེད་པར་གསུངས་པ་ཡོད་དེ།    བསླབ་བཏུས་ལེའུ་བརྒྱད་པར་ཉེ་བར་འཁོར་གྱིས་ཞུས་པའི་མདོའི་ལུང་དྲངས་པ་ལས། ཉེ་བར་འཁོར། དེ་ལ་ཉོན་མོངས་པ་གང་སེམས་ཅན་སྡུད་པར་འགྱུར་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་འཛེམས་པའང་མེད། འཇིགས་པ་ཡང་མེད་དོ།། དེ་བཞིན་དུ་སྦྱར་ཏེ། ཉེ་བར་འཁོར། དེ་ལྟ་བུས་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་བཤད་དོ།།    ཅེས་སོགས་དང༌།    སྔགས་ཀྱི་སྐབས་སུ་མཐར་ཐུག་འདོད་ཆགས་གནས་གྱུར་པ་སེམས་ཅན་བློས་མི་གཏོང་བའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་བར་གསུངས་པ་ཡིན།
༣༽    དབུ་མ་ཆེན་མོ།  ཕྱག་རྒྱ་ཆེན་མོ།   རྫོགས་པ་ཆེན་པོ་སོགས་ཀྱི་ཁྱད་པར་ལ་ལུང་རིགས་ཀྱིས་ཅུང་ཟད་དཔྱད་ཐུབ་ན་ཤིན་ཏུ་ནས་ལེགས་སོགས་ལ།    དབུ་མ་ཆེན་པོ་ཞེས་པའི་དབུ་མ་ནི་དབུས་ཀྱི་དོན་དང་།   དེ་ཡང་དབུས་ཟེར་བ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པའི་དོན་ཡིན།   འདི་ལ་དགེ་ལྡན་པའི་ཕྱོགས་ནས་རྟག་ཆད་གཉིས་ཀྱི་མཐའ་བསལ་བའི་དབུས་ལ་གནས་དགོས་པར་གསུངས་པས།   དཔའ་རིས་རབ་གསལ་གྱིས་འཇུ་མི་ཕམ་ལ།  དབུས་མེད་དབུ་མར་སྨྲ་བ་དབུ་འཁོར་ནས།།  ཞེས་སོགས་གསུངས་ཤིང་།  ཡང་མདོ་ལས།   མཁས་པ་དབུས་ལའང་གནས་པར་ཡོངས་མི་བྱེད།།  ཅེས་བྱུང་བ་བཞིན་གསང་སྔགས་རྙིང་ལུགས་ལ་མཐའ་དབུས་གང་དུ་མི་གནས་པ་ཞེས་འཛིན་སྟངས་གང་ཡང་མེད་པའི་དོན་དུ་གསུངས།  གང་ལྟར་དབུས་ལ་གནས་དགོས་པར་གསུངས་པ་དང་།  དབུས་ལ་ཡང་གནས་མི་རུང་བར་གསུངས་པ་གཉིས་ཀ་མདོ་ཡི་དགོངས་དོན་ཡིན།    ཕྱག་རྒྱ་ཆེན་པོ་ཞེས་པའི་ཕྱག་རྒྱ་ནི།   བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་གཟུགས་དང་ཟུང་དུ་འཇུག་པའམ་དབྱེར་མི་ཕྱེད་པ་དེའི་ཀློང་ལས་འཁོར་འདས་ཀྱི་ཆོས་ཀུན་འདའ་ས་མེད་པས་ཕྱག་རྒྱ་དང་།    དེ་ལ་སྤངས་རྟོགས་སེམས་པ་ཆེན་པོ་གསུམ་དང་ལྡན་པས་ཆེན་པོ་ཞེས་ཞུ།     རྫོགས་པ་ཆེན་པོ་ཞེས་པའི་རྫོགས་པ་ནི།   སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ།   རང་བཞིན་གསལ་བ།   ཐུགས་རྗེ་ཀུན་ཁྱབ་སྟེ་སྐུ་གསུམ་གདོད་ནས་རྫོགས་པས་རྫོགས་པ་དང་།   དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ཆེན་པོ་ཞེས་ཞུ།   འདི་དག་རྣམས་ལ་མན་ངག་ཉམས་བཞེས་ཀྱི་ཁྱད་པར་མི་འདྲ་བ་ལས།    དོན་ནི་འབབ་ས་གཅིག་ལས་གཞན་མེད་དེ།   རིག་འཛིན་འཇིགས་གླིང་གིས་ཡོན་ཏན་མཛོད་ལས་རྫོགས་པ་ཆེན་པོའི་གཞི་བཤད་པའི་སྐབས།    རྒྱལ་བའི་འཁོར་ལོ་བར་བ་རྣམ་ཐར་གསུམ།།    བསྟན་བྱའི་སྙིང་པོ་སོ་སོ་རང་རིག་པ།།   སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ།།    བཞུགས་པར་བཤད་ལ་རྫོགས་པ་ཆེ་ཞེས་གྲགས།།   ཞེས་དང་།   པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས།   ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ་རྫོགས་པ་ཆེན་པོ་སོགས་ཀྱི་མཚན་སྨྲོས་རྗེས།   ཉམས་མྱོང་ཅན་གྱི་རྣལ་འབྱོར་བས།།   དཔྱད་ན་དགོངས་པ་གཅིག་ཏུ་འབབ།།   ཅེས་གསུངས་པ་ལྟ་བུའོ།།
༤༽   རྫོགས་པ་ཆེན་པོ་ཞེས་པའི་ཚིག་འདི་རྒྱ་གར་ནས་བྱུང་ངམ་བོད་ནས་བྱུང་བ་ཡིན་སོགས་ལ།   རྫོགས་པ་ཆེན་པོའི་མཚན་གྱི་ཐ་སྙད་འདི་རྒྱ་གར་ནས་བྱུང་བ་ལ་དོགས་པ་མེད་དེ།   དེ་ཡང་ལེགས་སྦྱར་ལས་རྫོགས་པ་ཆེན་པོ་ལ་མ་ཧཱ་སནྟི་ཞེས་བྱུང་ཞིང་།   ཤྲཱི་སེངྷ་དང་བཻ་རོ་ཙ་ནས་བསྒྱུར་པའི་ཀུན་བྱེད་རྒྱལ་པོའི་རྒྱུད་ལས།    རྒྱ་གར་སྐད་དུ།   སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ།   བོད་སྐད་དུ།   ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཞེས་དང་།    ཡང་ཤྲཱི་སེངྷ་དང་བཻ་རོ་ཙ་ནས་བསྒྱུར་པའི་རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས།    རྒྱ་གར་སྐད་དུ།   སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་སཾ་སཱ་ར་མཱུ་ལ་ཙྪེ་ད་ན་ས་མུ་དྲ་ས་མཱ་བི་ལ་ཏནྟྲ།   བོད་སྐད་དུ།   ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ཅེས་དང་།    ཡང་ཤྲཱི་སེངྷ་དང་བཻ་རོ་ཙ་ནས་བསྒྱུར་པའི་རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་ཀྱི་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།     རྒྱ་གར་སྐད་དུ།    སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་སཾ་སཱ་ར་མཱུ་ལ་ཙྪེ་ད་ན་སཱུརྱ་ཙནྡྲ་ས་མཱ་ལ་ཏནྟྲ།   བོད་སྐད་དུ།    ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ཅེས་བྱུང་བ་ལྟ་བུ།    ལོ་པཎ་མི་འདྲ་བ་མང་པོས་བསྒྱུར་པའི་སེམས་ཀློང་མན་ངག་གི་སྡེའི་རྒྱུད་སྡེ་མི་འདྲ་བ་ཆེས་མང་པོར།    རྫོགས་པ་ཆེན་པོ་ཞེས་པའི་ཚིག་འདི་ལེགས་སྦྱར་ལས་བྱུང་བ་རྙིང་རྒྱུད་ཁག་ཏུ་བཞུགས་པ་ལྟར་ཡིན་པས་བློ་གཟུ་བོར་གནས་པ་ཞིག་ཡིན་ཕྱིན་འདི་ལས་ལྷག་པའི་ཁུངས་ཤིག་ག་ལ་དགོས།   ཐར་བ་ལོ་ཙཱ་བས་ད་དུང་རྒྱ་གར་ན་རྙིང་མའི་རྒྱུད་སྡེ་མང་པོ་བསྒྱུར་རྒྱུ་འདུག་གསུངས་པ་ཡང་གཙོ་བོ་ཆོས་ཀྱི་ཐ་སྙད་ཚུན་ཆད་མི་འདྲ་བའི་ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེ་རྣམས་ལ་གསུངས་པ་ཡིན།
༥༽   གསུང་འདི་ལ་ཅུང་ཟད་བསམ་བློ་གཏོང་དགོས་པ་སྟེ། གཞན་གྱིས་ལས་བསགས་པ་དེ་གཞན་གྱིས་གང་ལྟར་བཞེས་ཐུབ་ཀྱི་ཡོད་ན།   གལ་སྲིད་བཞེས་ཐུབ་ན་ལས་འབྲས་ཀྱི་རྣམ་བཞག་དང་མཐུན་གྱི་ཨེ་ཡོད་ན།   ཞེས་པའི་དྲི་བ་འདི་ཡི་དོན་གོ་མ་སོང་བས་ལན་ཞུ་ཐབས་བྲལ་ལགས།   སྤྱིར་ཡིན་ན།   ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་།།   འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་།།   ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་།།  ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར་ཞེས་སེམས་ཅན་གྱི་ལས་གང་ཟག་གཞན་གྱིས་བཞེས་མི་ཐུབ་པར་གསུངས་ཡོད་ལ།   ལས་ཟད་པའི་རྒྱུ་ཡང་བཤགས་སྟོབས་དང་།   མྱོང་སྟོབས་དང་།   ཆོས་ཉིད་ཀྱི་དོན་རྟོགས་པ་རྣམས་ལས་གཞན་གྱིས་བཞེས་སྟོབས་ཟེར་བ་ཞིག་མེད་ཅིང་།   ཕྲན་གྱི་སྙིང་རྗེའི་ཉམས་ལེན་གྱི་དེབ་དེའི་ནང་ལ་སེམས་ཅན་གྱི་ལས་གཞན་གྱིས་བཞེས་ཚུལ་ཞིག་བྲིས་མེད་ལགས།   ཡང་རིག་པ་ཚད་ཕེབས་ཀྱི་སྐབས་སུ་སེམས་ཅན་མང་པོ་བཙན་ཐབས་ཀྱིས་སྒྲོལ་ནུས་པར་གསུངས་པ་སོགས་ནི་མན་ངག་གི་བསྟན་བཅོས་དམིགས་བསལ་བའི་དགོངས་དོན་ཡིན་པས་འདིར་རེ་ཞིག་བཞག    སྤྱིར་དྲི་བ་འདིའི་དོན་གོ་མ་སོང་བས་དགོངས་པ་མ་ཚོམས་རོགས།
༦༽   ཁ་སྐད་མང་དྲགས་ཏེ་གོ་ཐུབ་ཀྱི་མི་འདུག་ཅེས་དང་།    སྔོན་གྱི་ལོ་པཎ་རྣམས་ལ་ཁ་མིག་ཡར་བལྟ་བྱས་ཏེ་ཡི་གེ་འབྲི་ཚུལ་ལའང་ཐུགས་སྣང་གནང་ན་ཞེས་པར།   སྤྱིར་ཁོ་བོ་རང་ཡང་བོད་ཀྱི་སྤྱི་སྐད་མ་གཏོགས་ཁ་སྐད་བཀོལ་བ་ལ་དགག་པ་བྱེད་མཁན་གཙོ་བོ་ཞིག་ཡིན་པས།  བོད་ཀྱི་སྤྱི་སྐད་ཀྱི་ཐོག་ལ་དེབ་ཡག་པོ་ཞིག་བྲིས་ཡོད་པ་སྔོན་མ་ནོར་གླིང་ནས་པར་སྐྲུན་གནང་སོང་།   རྗེས་སུ་དྲ་ཐོག་ཏུ་འགོད་ཆོག    ཡིན་ན་ཡང་ད་རེས་ཀྱི་དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་པ་འདི་ཐོག་མ་ཉིད་ནས་དབྱིན་བསྒྱུར་གྱི་ཆེད་དུ་བྲིས་པ་ཞིག་ཡིན་པས།  བསྒྱུར་སླ་བའི་ཆེད་དུ་གཏམ་བཤད་ལྟ་བུའི་འབྲི་ཐབས་སྤྱད་ནས་བྲིས་པ་ཡིན་ལགས།    
༧ ༽   ཡང་རང་གི་རྩོམ་གྱི་འོག་གི་དྲ་ཞབས་པ་རྣམས་ལ་ལན་འདེབས་ཀྱི་མི་འདུག་ཅེས་པ་ལ།   སྔོན་མ་དྲ་ཞབས་སུ་མཆན་རེ་འདེབས་ཀྱི་ཡོད།    ཡིན་ན་ཡང་དེང་སང་གཅིག་ནས་དུས་ཚོད་མང་པོ་མི་རག་པ་དང་།   གཉིས་ནས་དྲ་གྲོགས་རྣམས་ཀྱིས་རང་རེ་བོད་ཡིག་འབྲི་རྩོམ་གྱི་ཁོར་ཡུག་གཅིག་ན་སྐྱིད་སྡུག་གཅིག་བྱས་ནས་སྡོད་མཁན་ཚོ་ནང་ཕན་ཚུན་ལ་བརྩེ་བ་དང་།    ཤ་ཞེན།   ངོ་ཚ་ཞིག་མ་སླེབས་བར་དུ་དྲ་ཞབས་སུ་ཡོང་ན་ཡང་ཉོན་མོངས་པ་འཕེལ་བའི་རྒྱུ་ལས་གང་ཡང་མི་འདུག་པས།   སྐབས་གཅིག་གི་རིང་དྲ་ཞབས་སུ་མི་འཛུལ་བའི་དམ་བཅའ་བྱས་པ་ཡིན།   ཕྱིས་སུ་ཡང་བགྲོ་གླེང་བ་རེ་རེ་ལ་ལན་རེ་རེ་འབུལ་དགོས་ན་ཆུ་ཚོད་ཉེར་བཞི་ལ་དྲ་ཐོག་ཏུ་འདུག་དགོས་པར་འདུག་པས་དེ་འདྲ་ཡོང་ཐབས་མི་འདུག་ལགས།   ད་དུང་དེ་རིང་འདིར་དྲ་གྲོགས་འགའ་ཞིག་ལ་དྲིས་ལན་མདོ་ཙམ་ཕུལ་བ་ཡིན་མོད།  སང་ཉིན་འདི་ལས་ཀྱང་མང་བ་སླེབས་ཡོང་ངེས་ཡིན་པས་ལན་ཞུ་ཐབས་བྲལ་བ་ཡིན།   འོན་ཀྱང་རྩོམ་ཡིག་རེ་བྲིས་དུས་དེབ་བཟོ་མི་ཐུབ་པའི་རྐྱེན་གྱིས་དྲ་ཐོག་ཏུ་གཏོང་གི་ཡོད།   ཁྱེད་རྣམས་ཀྱིས་དྲང་ལྡོག་ཅི་རིགས་ཀྱིས་དགོངས་ཚུལ་གསུངས་པ་རྣམས་ཀྱིས་ཕན་ཐོག་ཆེན་པོ་འབྱུང་བཞིན་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ཡིན།  ལར་རྫོགས་པ་ཆེན་པོའི་གྲུབ་མཐའ་ལ་གོ་བ་རྙེད་པར་འདོད་ན་ཐེག་མཆོག་མཛོད་དང་།   གཉུག་སེམས་སྐོར་གསུམ་སོགས་ལ་གཟིགས་དང་དེ་ལས་ལྷག་ཅིག་ག་ལ་དགོས།  དྲ་ཐོག་ཅིག་ཏུ་དྲ་གྲོགས་ཚོ་བྲེལ་ཚུབ་ཀྱི་བར་ནས་ལེགས་བཤད་ཆེན་པོ་ཞིག་རྙེད་དཀའ།   འོན་ཀྱང་མ་འོངས་པར་རྫོགས་པ་ཆེན་པོའི་གདམས་པ་དངོས་སུ་ནོད་དགོས་བསམ་མཁན་ཞིག་ཡིན་ན།   གདམས་པ་མ་ཐོབ་གོང་དུ་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་ལ་མ་བལྟས་ན་བཟང་སྟེ།   སྒོམ་བྱ་ཤོར་ལ་ཁྱིས་མི་རེ་ཟེར་བའི་ཞལ་རྒྱུན་ཡོད་པ་ཡིན།
༨༽   ཡང་དྲ་གྲོགས་འགའ་ཞིག་གིས་ངས་སྔགས་པའི་གཟན་དཀར་གྱོན་པ་ལ།   སངས་རྒྱས་སྟོང་གི་རིང་ལ་མ་དར་བའི་ཆོས་གོས་དཀར་པོ་འདི་སུའི་ལུགས་ཡིན་ཟེར་བ་དང་།   དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་བྲིས་པ་ལ།  ཐེག་ཆེན་པ་ཡིན་ན་ས་བརྒྱད་པ་ལ་གནས་པ་ཁོ་ན་ཞིག་ཡིན་པར་དགོངས་ནས་ས་བརྒྱད་པ་ལ་གནས་པའི་སེམས་དཔའ་ཞིག་ཡིན་པར་ཞལ་གྱིས་བཞེས་པ་ཡིན་ནམ་སོགས་དང་།   དེ་བཞིན་སློབ་དཔོན་གྱི་མཚན་འདི་གང་ནས་རག་པ་ཡིན་དང་།   སློབ་དཔོན་གྱི་མཚན་བེད་སྤྱོད་བྱས་ན་ཁོང་རྣམས་ངོ་ཚ་གི་འདུག་ཅེས་གསུངས་པ་སོགས་ལ།   དགོངས་པ་མ་ཚོམས་ཞུ་རྒྱུ་ལས་ལན་གཞན་མེད་ལགས།
དེ་ནས་སྤོབས་པ་མཐའ་ཡས་ལགས་ཀྱིས།   སློབ་དཔོན་ཁོང་ཉིད་ཀྱང་དེང་དུས་སུ་མཁས་པའི་སྙན་པ་ཆེ་བའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་ཡིན་པར་ཞལ་གྱིས་བཞེས་པ་སོགས་གདེངས་སྤོབས་དང་འབྲེལ་བའི་ཞལ་ཕོ་ཡང་ཆེ་ཙམ་འདུག་པ་ལ་ཞེས་པར།   ཁོ་བོ་ལྟ་བུ་ཞིག་མཁན་པོ་མཆོག་གི་སློབ་མ་ཡིན་ཟེར་ན་འདྲེན་པ་ཆེན་པོ་འདིའི་ཞབས་ནས་མར་འཐེན་སྤྱད་ཅིག་ལས་མི་འདུག་ཀྱང་།   སྐྱེས་རབས་ལས།   འཇིག་རྟེན་ན་སྐྱེས་བུ་དམ་པ་འབྱུང་དཀའ་བ་དང་།  དེ་བས་ཀྱང་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་ཚུལ་ཡང་ཡང་གསུངས་པ་སོགས་ལ་བསམས་ན།    ས་སྒང་འདིར་མཁྱེན་རབ་དང་བྱམས་བརྩེ་དྲང་བདེན་བཅས་ཀྱི་བདེན་དཔང་དུ་གྱུར་པ།   རོང་ཟོམ་གཉིས་པར་གྱུར་པའི་ཆོས་རྗེ་ཀུན་མཁྱེན་ཆེན་པོ།   འདྲེན་མཆོག་ཐུགས་རྗེ་ཅན་འདིའི་ཞལ་མཇལ་ཐུབ་པ་དང་།   གསུང་ཐོས་ཐུབ་པའི་སྐལ་བ་ཙམ་ཞིག་བྱུང་བ་ལ་དངོས་གནས་གདེངས་སྤོབས་ཆེན་པོ་སྐྱེ་གི་ཡོད་ལ།  ནངས་དགོང་ཀུན་ཏུ།   སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།   འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།   ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།   རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།  ཅེས་སྨོན་ལམ་བྱེད་ཀྱི་ཡོད་ལགས།།   ཐམས་ཅད་བཀྲ་ཤིས་ཞལ་དྲོ།   སླར་མཇལ།   ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༢གྱི་དགོང་མོར་བྲིས།   

1 མཆན་བུ་འདེབ་ན་འདིར་ནོན།:

རྡོ་རྗེ་རྒྱལ་མཚན། said...
This comment has been removed by the author.