༈ རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་འཇིགས་མེད་བློ་གྲོས་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ།

གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
བཀུར་འོས་པའི་དྲ་གྲོགས་རྣམ་པ། ཕྲན་སྒེར་གྱི་དྲ་ཚིགས་འདི་ནི། ཁོ་བོས་སུག་བྲིས་བྱས་པའི་རྩོམ་སྔ་ཕྱི་ཐམས་ཅད་ཁྱེད་ཅག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་སའི་ལྟེ་བ་ལྟ་བུ་ཞིག་ཡིན། གཞུང་འགྲེལ་སོགས་ཅུང་རིང་བའི་རྩོམ་རྣམས་གནས་སྐབས་སུ་འདིར་མ་ཤོང་ཡང་རིམ་གྱིས་ཡར་རྒྱས་ལ་གཏོང་རྒྱུ་ཡིན། ཁོ་བོའི་རང་མིང་དངོས་ལ་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་བཅས་ཕྲན་ལ་མིང་མི་འདྲ་བ་འགའ་ཞིག་ཡོད་པས། རྩོམ་མི་འདྲ་རྣམས་ཀྱི་མཇུག་ཏུ་དགོས་པའི་དབང་གིས་མིང་གང་ཞིག་དང་སྐབས་སུ་འཚམས་པ་བེད་སྤྱོད་བྱས་ཡོད་ཅིང་། མིང་བྲིས་མེད་ས་འགའ་རེ་ཡོད་པ་རྣམས་ཀྱང་དྲ་རྒྱ་འདིར་ཡོད་ཕྱིན་ཁོ་བོ་རང་གིས་སུག་བྲིས་འབའ་ཞིག་ཡིན། དྲ་རྒྱ་འདིར་བཅུག་མེད་པའི་རྩོམ་གཞན་ཕྲན་དང་མིང་གཅིག་པ་ཅན་འགའ་རེ་མཐོང་བ་རྣམས་ནི་ཁོ་བོ་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་དགོས་སོ།། ཐུགས་རྗེ་ཆེ།
View my complete profile

དྲ་ངོས་བཀླགས་གྲངས


ཟིན་བྲིས་འདི་གཟིགས་པར་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་དང་། དྲ་འབྱེད་གཉེན་ཆས IE7 གཉིས་་ཕབ་ལེན་བྱེད་དགོས།
Powered by Blogger.
2011/10/14


ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཀྱི་གླེང་བརྗོད་རིང་མོ།

ཀུན་གྱིས་མཁྱེན་གསལ་ལྟར།    འདི་ལོར་གཞུང་སྒེར་གྱི་ཚོགས་པ་དུ་མས་བོད་ཀྱི་ཆོས་དང་རིག་གཞུང་།    ཆབ་སྲིད་བཅས་ཀྱི་ཐོག་ཏུ་གོམ་གང་མདུན་སྤོས་ཀྱིས་ལས་འགུལ་གང་མང་སྤེལ་བཞིན་པའི་ནང་ནས་དམིགས་བསལ་གཅིག་ནི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་འདི་ཡིན་ཞིང་།    རྩོམ་རིག་བྱ་དགའ་འདི་ནི་སྟོང་ལོ་གསར་བའི་ནང་གི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་རྣམ་དཔྱོད་དང་།   ངག་རིག་སྒྱུ་རྩལ་གྱི་ཐོག་ཏུ་རིང་ཐུང་འཇལ་བྱེད་ཀྱི་ཐིག་ཤིང་དང་།    ལྕི་ཡང་འདེགས་བྱེད་ཀྱི་རྒྱ་མ་རུ་གྱུར་ཡོད་པར་མ་ཟད།   མ་འོངས་པའི་མི་ཚེའི་ལོ་རྒྱུས་ཀྱི་ནང་དུ་ཡང་།    སྐབས་དེ་དུས་ཀྱི་བཙལ་བྱོལ་བོད་རིགས་རྩོམ་པ་པོ་རྣམས་ཀྱི་ཁྲོད་དུ་རང་ཉིད་ལ་རྩོམ་རིག་སྒྱུ་རྩལ་གྱི་གནས་བབས་ཇི་ཙམ་ཡོད་པའི་མཚོན་རྟགས་སུ་གྱུར་ཡོད་སྟབས།     མིང་ཡོངས་སུ་གྲགས་པ་དང་མ་གྲགས་པའི་རྩོམ་པ་པོ་ལྔ་བཅུ་ཐམ་པས་རྩོམ་རིག་བྱ་དགའི་འགྲན་རྩོད་འདིའི་ཆ་ཤས་བླངས་ཡོད་པ་དང་།   ཁོ་བོ་རང་ཡང་དེའི་ཁོངས་སུ་སྔོན་ཐོན་པ་བྱས་ནས་ཞུགས་པ་ཡིན།   

ཐོག་མར་དུས་རབས་གསར་བའི་བཙན་བྱོལ་བོད་མིའི་རྩོམ་པ་པོ་རྣམས་ཀྱི་མེས་པོ་དམ་པ་སྤྲུལ་སྐུ་སྐུ་སྨྱོན་ཡེ་ཤེས་རྒྱ་མཚོ་ཁོང་གིས་ལྷག་བསམ་བཟང་པོའི་མཛད་པ་ལ་རྒྱབ་སྐྱོར་དང་།   བརྩི་བཀུར་གྱི་ཆེད་དུ་འགྲན་རྩོད་འདིའི་ཆ་ཤས་བླངས་པ་ཙམ་ལས།   བྱ་དགའ་ཐོབ་རྒྱུ་ཡིན་པའི་གདེངས་ཚོད་ཆེན་པོ་མེད་མོད།   འོན་ཀྱང་དྲ་ཐོག་ཏུ་སླེབས་པའི་འགྲན་རྩོམ་རྣམས་ཀྱི་ནང་ནས་ཁོ་བོས་བྲིས་པའི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལ་རྒྱབ་སྐྱོར་མང་ཤོས་སམ།    ཧ་ལམ་བརྒྱ་ཆའི་དགུ་བཅུ་ལས་བརྒལ་བ་ཐོབ་པས་འདི་ལོའི་རྩོམ་རིག་བྱ་དགའ་འདི་བདག་ལ་ཐོབ་རྒྱུ་ཡིན་པའི་གདེང་ཚོད་རོབ་ཙམ་བྱུང་།    
ཟླ་སྔོན་མའི་ཕྱི་ཚེས་ ༢༩ ནས་ཟླ་འདིའི་ཚེས་ ༨ བར་ཉིན་བཅུའི་རིང་ཨེ་རི་ཟོ་ན་དང་།   ཊེག་སི་ཊི་སོགས་ཨ་རིའི་མངའ་སྡེ་ཁ་ཤས་ལ་ཆོས་ཁྲིད་དུ་ཕྱིན་ཅིང་།   ལོ་སྔ་ཕྱི་འདི་དག་གི་རིང་ཉིན་མཚན་ཁ་སྦྱར་ནས་རྙིང་རྒྱུད་དང་བཀའ་མ་སོགས་ལ་དཔེ་ཀློག་བྱེད་རྒྱུ་མང་དྲགས་པས།   ད་རེས་བདུན་ཕྲག་གཉིས་ཙམ་གྱི་རིང་མིག་དང་མཆིན་པ་ལ་ངལ་གསོ་ཡག་པོ་བྱེད་རྒྱུའི་གོ་སྐབས་བྱུང་།    འདི་དག་གི་སྐབས་སུ་ཝ་ཤིན་ཏྲོན་དང་།    ཧི་བ་ཡིས་སོགས་ཐག་རིང་པོ་ནས་ཀྱང་གནམ་གྲུའི་འཛིན་བྱང་ཉོས་ནས་ཆོས་ཞུ་རུ་ཡོང་བ་འགའ་རེ་འདུག   ཁོ་བོས་ཆོས་བཤད་ས་ཞིག་ཡིན་ཕྱིན་སློབ་མ་རྣམས་ཀྱིས་དགའ་འབོད་ཆེན་པོ་བྱེད་པ་དང་།   སྐེ་དང་རྐང་པ་ལག་པ་སོགས་ལ་འཐམ་ནས་མིག་ཆུ་བཏོན་ཏེ་འབྲལ་མི་ཕོད་པ་ལྟ་བུ་བྱེད་པ་རྒྱུན་ལྡན་ཡིན་ཞིང་།   མི་ལོ་ཉི་ཤུའི་རིང་ལ་བླ་མ་དུ་མའི་མདུན་ནས་ཆོས་འདི་མ་ཞུས་བྱ་བ་མེད་ཀྱང་།   སྟོང་ཉིད་དང་སྙིང་རྗེ།   སྐྱབས་འགྲོ།   བསྐྱེད་རིམ་སོགས་ཀྱི་དོན་དེ་རིང་གཟོད་གོ་སོང་ཟེར་ནས་གནམ་ལ་ལྡིང་གྲབས་བྱེད་མཁན་ཡང་ཧ་ཅང་མང་།   
ཁོང་ཚོས་ནམ་རྒྱུན་གསུང་ཆོས་ཞུ་སྐབས་གྱི་དཀའ་ངལ་མང་པོ་བགྲངས་པའི་ནང་ནས་དཀའ་ངལ་ཆེ་ཤོས་ནི་སྐད་ཀྱི་ཐོག་ལ་རེད་འདུག   ༧གོང་ས་ཆེན་པོའི་གསུང་ཆོས་ཀྱི་སྐབས་སུ་སྐུའི་གསུང་བསྒྱུར་བ་ཐུབ་བསྟན་སྦྱིན་པ་ཧ་ཅང་མཁས་ཆེ་དྲགས་ནས།   ཆོས་ཚིག་གང་མཐོ་དང་གང་དཀའ་རྣམས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་།    བསྒྱུར་བ་ཧ་ཅང་མྱུར་དྲགས་ནས་གོ་ཐུབ་ཀྱི་མི་འདུག་ཟེར།    ཡང་བླ་མ་གཞན་རྣམས་ཀྱི་སྐད་བསྒྱུར་བ་འགའ་རེས་དབྱིན་སྐད་ཤེས་ཀྱང་ཆོས་མི་ཤེས་པས།   བླ་མས་གང་གསུངས་རྣམས་ཇི་ལྟ་བ་བཞིན་དུ་ཁོང་ཚོའི་རྣ་བར་བསྐྱལ་ཐུབ་ཀྱི་མེད་པའི་ཁར།    ད་དུང་སྐད་བསྒྱུར་གྱིས་བསྒྱུར་སྐབས་ཁོང་ཚོར་སྐད་བསྒྱུར་གྱི་མདུན་ནས་ཆོས་ཞུ་བཞིན་ཡོད་པའི་ཚོར་སྣང་ཡོང་གི་ཡོད་སྟབས་དེ་ཙམ་སེམས་ཁ་གང་གི་མེད་པར་འདུག   དེ་ལྟར་ན་ནུབ་ཕྱོགས་པའི་མི་རྣམས་གསང་སྔགས་ཀྱི་ཆོས་ལ་དགའ་བ་དང་།   ཁོ་བོ་སྔགས་པའི་བླ་མ་ཞིག་ཡིན་པར་མ་ཟད།    ཚད་ཧ་ཅང་མི་མཐོ་ལ་ཧ་ཅང་མི་ཞན་པའི་དབྱིན་སྐད་ཀྱི་ཤེས་ཚད་འདི་ཡང་ཁོང་ཚོར་དགོས་ངེས་དེ་ཡིན་འདུག་པས།    ངའི་ཆོས་ཁྲིད་ལ་དམིགས་བསལ་གྱིས་དོ་སྣང་བྱེད་མཁན་ཧ་ཅང་མང་།
ཁོ་བོ་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་རྒྱུས་མངའ་ཆེན་པོ་མེད་པའི་སྐབས་སྐྱབས་འགྲོ་དང་།   བྱམས་པ།   སྙིང་རྗེ།   བྱང་ཆུབ་ཀྱི་སེམས་རྣམས་འབའ་ཞིག་རྩལ་དུ་བཏོན་ནས་བཤད་བསམ་པ་ཡིན་ཡང་།   ནུབ་ཕྱོགས་སུ་ཕེབས་སྔ་བའི་བླ་མ་གོང་མ་རྣམས་ཀྱིས་སྐྱག་ལངས་ལ་བཏང་ཚར་འདུག་པས།   ད་ནི་ཆོས་གང་ཟབ་ཀྱི་དབང་ཁྲིད་རེའི་སྐད་ཆ་མ་གཏོགས་སྐྱབས་འགྲོ་དང་སྙིང་རྗེ་སོགས་འབའ་ཞིག་བཤད་རྒྱུ་ཡིན་ཟེར་ན་ཆོས་ཉན་དུ་ཡོང་མཁན་གཅིག་ཀྱང་མེད་པའི་ཚོད་ཙམ་དུ་སྣང་།   དེར་བརྟེན་གསང་སྔགས་ཀྱི་དབང་དང་།    ཟབ་མོ་སྟོང་པ་ཉིད།   བསྐྱེད་རྫོགས་སོགས་ཀྱི་གོ་རེ་ཆེན་པོ་རེ་བཙོས་ཏེ།   དེའི་ནང་དུ་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་ཀྱི་བྱེ་མ་ཀ་ར་བསྲེ་ཅི་ཐུབ་བྱས་ནས་ཁོང་ཚོའི་ཁ་ནང་དུ་བཅུག་གི་ཡོད།   འདི་ནི་ཁོ་བོ་རང་ལ་མཚོན་ན་ཡུན་རིང་ཚོད་བལྟ་བྱས་པའི་ཐ་མའི་ཐབས་ལམ་ཞིག་རྙེད་པ་དེ་ཡིན་ཞིང་།   ངའི་སར་ནམ་རྒྱུན་ཆོས་ཞུ་རུ་ཡོང་བ་ཞིག་ཡིན་ཕྱིན་ནང་པའི་ཆོས་ཀྱི་སྤྱིའི་སྒྲོམ་ལ་གོ་བ་ཙམ་རེ་མ་ཆགས་པ་ཧ་ལམ་མེད་ཅིང་།   སྐུ་བརྙན་དང་གསུང་རབ་སོགས་ཀྱི་སྟེང་ནས་མཆོངས་མཁན་དང་།   སྲིན་བུ་ཕྲ་མོ་ཡན་ཆད་ཀྱི་སྲོག་ལ་དངོས་སུ་བརྡོ་མཁན་གཅིག་ཀྱང་མེད།   
ཉེ་སྔོན་ཁོ་བོའི་ལག་འཛིན་གློག་ཀླད་ལ་ཆག་སྐྱོན་ཤོར་བ་དང་།   དེ་ནས་གསར་བ་ཉོ་ཁོམ་མ་བྱུང་བར་མངའ་སྡེ་གཞན་དུ་ཕྱིན་པས།   ཕྱིར་རང་གི་སྡོད་གནས་སུ་མ་སླེབས་བར་དུ་བོད་ཡིག་འབྲི་རྒྱུའི་མཐུན་རྐྱེན་མ་འཛོམས་ཀྱང་།    གཞན་གྱི་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་ནས་བོད་ཡིག་དྲ་རྒྱ་རྣམས་ཐེངས་མང་པོར་ཀློག་རྒྱུ་བྱུང་།    ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་འདི་ལོའི་རྩོམ་རིག་བྱ་དགའི་འགྲན་རྩོད་པ་རྩོམ་པ་པོ་ལྔ་བཅུའི་རྩོམ་ཡིག་རྣམས་ཀྱི་དྲ་ཐག་དང་།    རྩོམ་པ་པོའི་མཚན་བཅས་ཕྱོགས་གཅིག་ཏུ་བསྡུས་ནས་དྲ་ཐོག་ཏུ་བཞག་འདུག་པར་ཡང་།    འོས་ཤོག་ཅིག་ཡོད་པའི་དབང་དུ་བཏང་ན་འོས་བརྒྱ་ཆའི་དགུ་བཅུ་ལྷག་ཙམ་ཁོ་བོ་ལ་ཐོབ་འདུག་པས།   ད་ནི་རེ་བ་མེད་ས་ནས་རེ་བ་ཡོད་པར་གྱུར་པ་དང་།  རེ་བ་ཡོད་ས་ནས་རེ་བ་ཆེན་པོ་ཡོད་པའི་ཐོག་ལ་གོམ་པ་སྤོས་འདུག་ཅིང་།    ཚེས་  ༡༢  ཉིན་འདི་ལོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཨང་དང་པོ་ཁོ་བོས་བྲིས་པའི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལ་ཐོབ་པའི་ཁྱབ་བསྒྲགས་དངོས་སུ་གནང་བ་རེད།    
ལར་ཁོ་བོ་རྒྱ་གར་དུ་སླེབས་རྗེས་དེབ་འགའ་རེ་བྲིས་པ་རང་གཞུང་ཆོས་རིག་དང་།    ཤེས་རིག   ཕྱི་དྲིལ་སོགས་ཀྱིས་པར་སྐྲུན་གནང་ཞིང་།   ༧གོང་ས་ཡིད་བཞིན་ནོར་བུ་ལ་ཡང་ཕྱག་ཡིག་གནང་རོགས་ཞེས་རྩ་བ་ནས་ཞུ་མྱོང་མེད་ཀྱང་།    གཟི་བརྗིད་མི་རབས་བརྒྱ་ལ་ངོམ་ཆོག་པའི་དགྱེས་བརྩེའི་བསྔགས་བརྗོད་ཀྱི་ཕྱག་ཡིག་ཕེབས།  དེ་མཚུངས་རང་གཞུང་ཆོས་དོན་དང་།   ཤེས་རིག་སོགས་ཀྱིས་ཀྱང་བསྔགས་བརྗོད་མང་པོ་གནང་བ་ཁོ་བོའི་ལོ་རྒྱུས་ལེའུ་དྲུག་པར་གསལ་བ་ལྟར་ཡིན།   དེར་མ་ཟད་ངས་བྲིས་པའི་༧གོང་ས་ཡིད་བཞིན་ནོར་བུའི་རྟོགས་བརྗོད་ལེའུ་བརྒྱད་ཅན་དེ།   བོད་མི་བཙལ་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་སྲོལ་རྒྱུན་སྙན་ངག་ཚད་མཐོ་ཤོས་སུ་ངོས་འཛིན་མཁན་ཤིན་ཏུ་མང་པོ་བྱུང་ཞིང་།   ཧ་ལམ་མང་མོས་ཙམ་ཡང་མིན་པར་སྤྱི་མོས་ལྟ་བུའི་ཚོད་ཙམ་ཞིག་བྱུང་ཡོད།    གསོག་སྒར་སློབ་གྲྭའི་སྙན་ངག་འཛིན་གྲྭ་ཞིག་ཏུ་སྙན་པའི་ཚད་ལ་བཞག་ནས་ཁྲིད་ཀྱི་ཡང་འདུག་ཟེར།    གདན་ས་ན་ཡང་གྲགས་པ་ཆེན་པོ་འདུག་ཅེས་༧གོང་ས་ཆེན་པོས་གསང་བ་རྒྱ་ཅན་གྱི་དབང་གནང་སྐབས་རྒྱུད་སྨད་མཁན་པོས་ང་ལ་དངོས་སུ་གསུངས་བྱུང་།    ངའི་སློབ་དཔོན་དམ་པ་འཇུ་སྐལ་བཟང་གིས་བྲིས་པའི་ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུགས་པའི་འཕྲུལ་འཁོར་ལ་རྒྱ་གཞུང་གིས་ཧྲོ་ཧྲི་ཟེར་བའི་རྩོམ་རིག་བྱ་དགའ་ཕུལ་བ་ལྟར།    རང་གཞུང་ལ་ཡང་འདི་ལྟ་བུའི་རྩོམ་རིག་གི་བྱ་དགའ་ཞིག་གནང་རྒྱུ་ཡོད་ན།   བྱ་དགའ་དེ་ཧ་ལམ་ད་སྐབས་ཁོ་བོའི་མཆོད་ཁང་ན་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དང་མཉམ་དུ་བཞུགས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།   ཉེ་བའི་ལོ་འདི་དག་གི་རིང་བོད་ཡིག་གི་དྲ་རྒྱ་བྱུང་བའི་དྲིན་གྱིས་གང་བྲིས་པ་རྣམས་པར་སྐྲུན་གྱི་ངལ་བ་བརྟེན་མི་དགོས་པར།    སྟབས་བདེ་བོའི་ཐོག་རྒྱལ་སྤྱིའི་བོད་ཡིག་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཆོག་པར་གྱུར་བས།    ཁོ་བོས་ཀྱང་རང་གིས་བྲིས་པ་རྣམས་ལས་གནས་སྐབས་སུ་གསང་བ་མིན་པའི་སྐོར་དང་།   ཧ་ཅང་རིང་པོ་མིན་པའི་སྐོར་འགའ་རེ་དྲ་ཐོག་ཏུ་བཞག་པ་ཡིན།   ཐོག་མར་ཀློག་པ་པོ་རྣམས་ཀྱིས་བསྟོད་བསྔགས་ཀྱི་སྙན་རྩོམ་ཐར་ཐོར་རེ་སླེབས་དུས་དགའ་སྣང་ཆེན་པོ་སྐྱེ་བཞིན་འདུག་པས།    འཕྲལ་དུ་པར་སློག་བརྒྱབ་ནས་ངོ་དེབ་ཏུ་འཇོག་པ་སོགས་བྱས།    འོན་ཀྱང་བར་ལམ་ཞིག་ནས་ཁ་བརྡ་དང་།   སྒེར་གྱི་དྲ་རྒྱ།   ངོ་དེབ།   སུ་ཁེབ།    ཡིག་ཟམ་སོགས་བརྒྱུད་དེ་བསྟོད་པ་སླེབས་རྒྱུ་ཤིན་ཏུ་མང་དྲགས་པས་ཀློག་ཚོད་དང་པར་སློག་རྒྱག་ཚོད་ཀྱང་མི་འདུག   རིམ་གྱིས་ཁོང་རྣམས་ཀྱིས་ཐུགས་བརྩེ་ཆེན་པོས་བསྟོད་བསྔགས་བཏང་བ་རྣམས་ཁོང་རྣམས་ལ་བརྩི་བཀུར་མཚོན་ཆེད་ཀློག་ཅི་ཐུབ་བྱེད་ཀྱི་ཡོད་ཀྱང་།    བསྟོད་པ་སླེབ་རྒྱུ་དེ་རྒྱུན་ལྡན་ལྟ་བུར་གྱུར་སོང་བས་དམིགས་བསལ་གྱི་ཚོར་བ་ཡང་གང་ཡང་མི་འདུག   
ད་བར་ཁོ་བོ་ལ་ཚིག་ལྷུག་གིས་ཡག་པོ་འདུག   ཐུགས་རྗེ་ཆེ་ཞེས་བྲིས་པ་ལྟ་བུ་སོགས་མ་བརྩིས་པར།    ཚིགས་བཅད་སྙན་ངག་གིས་བསྟོད་པ་བྲིས་པ་ཁོ་ན་ཕྱོགས་གཅིག་ཏུ་བསྡོམས་ན་ཡང་ཧ་ལམ་གྲངས་བརྒྱ་ལས་བརྒལ་ཡོད་ཚོད་ཡིན་ལ།   བོད་ནང་ནས་ཀྱང་བསྟོད་པ་དང་ཞབས་བརྟན་ཟེར་བའི་ཚིགས་བཅད་མང་པོ་ཤོག་བུའི་ཐོག་ཏུ་བྲིས་པ་དང་།    དེབ་ཀྱི་སྟེང་དུ་བྲིས་པ་ཚུན་ཆད་སླེབ་ཀྱི་འདུག   ད་ནི་སློབ་དཔོན་བློ་གྲོས་རྒྱལ་མཚན་ལ་བསྟོད་པ་ཕྱོགས་བསྒྲིགས་ཟེར་བའི་དེབ་ཅིག་བཟོས་ཀྱང་ཧ་ལམ་དེབ་ཆེ་ཚད་ཅིག་ཡོད་ངེས་ཡིན་པས།    བོད་མི་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་ནང་ཆེས་སྤྱིར་བཏང་གི་རྩོམ་པ་པོ་དཀྱུས་མ་ཞིག་ལ།   རྩོམ་ཡིག་གི་རིན་ཐང་ལ་བལྟས་ཏེ་ཡིག་ཐོག་ནས་མི་མང་གིས་བསྟོད་པ་མང་ཤོས་ཐོབ་མཁན་དང་པོ་དེ་ཡང་ཧ་ལམ་ཁོ་བོ་ཡིན་ཚོད་དུ་སྣང་།    
དེ་དང་མཉམ་དུ་བསྡིགས་མཁན་ཉུང་ཤས་རེ་བྱུང་བ་ཡང་།   བླ་སྤྲུལ་དང་ནང་ཆོས་རྣམས་བོད་ཀྱི་ཁ་རྗེ་ཐུར་དུ་བསྐོར་མཁན་དུ་བརྩི་བ་དག་གིས་ཁོ་བོ་བླ་སྤྲུལ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བསྡིགས་པ་དང་།    ཡང་རབ་བྱུང་ཡག་པོ་རྣམས་ཀྱིས་ཁོ་བོ་རབ་བྱུང་མིན་པའི་རྒྱུ་མཚན་ལ་བརྟེན་ནས་བསྡིགས་པ།    བླ་སྤྲུལ་ཡིན་ན་སྟོན་པའི་གསེར་སྐུ་ལྟ་བུ་ཞིག་ཡིན་དགོས་པར་འདོད་མཁན་དག་གིས་ཁོ་བོ་བླ་སྤྲུལ་གྲོགས་མོ་ཡོད་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་བསྡིགས་པ།   ཡང་དེང་སང་སྔགས་རྒྱུད་སྡེ་བཞི་དང་།    གསང་སྔགས་ཀྱི་ལྷ་ཚོགས་ཁྲི་འབུམ་མང་པོ་དྲ་ཐོག་ཏུ་ཡོད་པ་མ་མཐོང་མཁན་དག་གིས་གསང་སྒྲོག་བྱས་སོང་ཞེས་བསྡིགས་པ་དང་།    ཆོས་དང་གྲུབ་མཐའ་སོགས་ཀྱི་དབང་གིས་ཆེད་དུ་བསྙད་བརྐོ་མཁན་འགའ་རེས་རྩོམ་ཡིག་གི་དོན་ཙམ་མ་ཟད།  ཡིག་ཐོག་ཏུ་དངོས་སུ་བྲིས་ཡོད་པའི་ཚིག་ཀྱང་དཀྱོགས་ནས་བསྡིགས་པ་ལྟ་བུ་ཉུང་ཤས་ཤིག་བྱུང་སོང་ཡང་།    དེ་དག་ནི་དོ་སྣང་བྱེད་ཡུལ་མ་འདྲ་བ་དང་།   ལྟ་གྲུབ་མ་འདྲ་བ་སོགས་ཀྱི་རྒྱུ་མཚན་གྱིས་བསྡིགས་པ་ལས།    སྐྱེ་བོ་སྒེར་གྱི་དམིགས་བསལ་གྱི་ཀུན་སྤྱོད་ཇག་རྐུན་རྩོམ་རྐུན་ལྟ་བུ་དང་།   རྩོམ་ཡིག་གི་རིན་ཐང་དམའ་བ་སོགས་ལ་བསྡིགས་པ་མིན་པས།   རྐང་བཙུགས་ནས་བསྡིགས་རྒྱུ་ཅི་ལོན་བྱེད་མཁན་ཚོས་ཀྱང་འདི་ཙམ་མ་གཏོགས་བསྡིགས་ས་ཅི་ཡང་རག་མི་འདུག་སྙམ་པའི་དགའ་ཚོར་ཞིག་བྱུང་ཞིང་།   བསྡིགས་མཁན་དེ་དག་ཀྱང་བསྟོད་བསྔགས་བྱེད་མཁན་གྱི་གྲངས་དང་བསྡུར་ན་ཀླད་གོར་གྱི་འོག་ཏུ་ཡོད་པ་དང་།   ཁོང་རྣམས་ཀྱིས་བསྡིགས་སྟངས་ལ་བལྟས་ནས་མ་འོངས་པའི་བྱེད་སྒོ་ཡོངས་རྫོགས་ཀྱི་ཐོག་ལ་བློ་སྐྱེད་ཆེན་པོ་ཞིག་ཀྱང་ཐོན་སོང་བས།   ཁོང་རྣམས་ཀྱིས་བསྡིགས་པ་ལ་ཡང་མཐོང་ཆེན་བྱེད་ཀྱི་ཡོད།   དེར་མ་ཟད་ཁོ་བོ་ལ་ནི་རང་དང་བསམ་ཚུལ་མི་མཐུན་པར་སྨྲ་བ་རྣམས་ལ་དྲ་འབུ་ཟེར་ནས་འབོད་པའི་གོམས་སྲོལ་འདི་རྨི་ལམ་ཙམ་དུ་ཡང་མེད་པས།   མིང་ངོ་མ་དང་རྫུན་མ་གང་བཀོལ་ཡང་བོད་ཡིག་འབྲི་རྩོམ་ལ་ཞུགས་ཐུབ་མཁན་གྱི་ཤེས་ལྡན་མི་སྣ་ཞིག་གིས་སྐད་ཆ་ལ་བརྩིས་ནས་མཐོང་ཆེན་བྱེད་ཀྱི་ཡོད།   
དེ་ལྟར་ལོ་སྔ་ཕྱི་འདི་དག་གི་རིང་ཁོ་བོ་ལ་བསྡིགས་མཁན་གྱི་གྲངས་ཀླད་གོར་གྱི་འོག་ཏུ་གནས་ཤིང་།   བསྟོད་བསྔགས་གནང་མཁན་གྱི་གྲངས་དབྱར་གྱི་རྩི་ཐོག་ལྟར་འཕེལ་བཞིན་པའི་སྐབས་སུ།    བོད་ཀྱི་རྩོམ་པ་པོ་ལྔ་བཅུ་ཐམས་པའི་འགྲན་རྩོད་ཀྱི་ནང་ནས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དངོས་སུ་ཐོབ་ཐུབ་པ་དེས།    ངའི་མི་ཚེའི་ལོ་རྒྱུས་ལ་གཟི་བརྗིད་ཀྱི་ལེའུ་གསར་བ་ཞིག་གི་མགོ་ཚུགས་པ་ཡིན་ཞིང་།    བླ་སྤྲུལ་རྣམས་བོད་ཀྱི་སྲོག་ཤིང་ལ་ངོས་འཛིན་པའམ།    ཡང་ན་བོད་ཀྱི་སྲོག་གཅོད་ལ་ངོས་འཛིན་པ་གང་ལྟར་ཡང་།   ཁོ་བོ་ནི་བྱམས་པ་དང་སྙིང་རྗེ།    སྟོང་ཉིད་ཀྱི་ལྟ་བ་སོགས་ལ་ཡིད་ཆེས་མཁན་གྱི་བླ་སྤྲུལ་ཞིག་དང་།   བྱང་ས་དང་བསླབ་བཏུས།  མངོན་རྟོགས་རྒྱན་སོགས་ཐེག་ཆེན་གྱི་གཞུང་དང་མན་ངག་མང་པོ་རྣ་ལམ་དུ་ཐོས་མྱོང་མཁན་གྱི་མི་ཞིག་ཡིན་པའི་ཆ་ནས།    སྤྲུལ་སྐུ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་ཁོང་གི་ཐུགས་རྒྱུད་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྔར་ནས་ཡིད་སྨོན་ལན་བརྒྱར་ཤོར་ཡོད་པས།    ད་རེས་ཁོང་གི་མཚན་ཐོག་ཏུ་ཡོད་པའི་རྩོམ་རིག་བྱ་དགའ་ཐོབ་པ་དེ་རྩོམ་རིག་བྱ་དགའ་གཅིག་པུ་ཙམ་མ་ཡིན་པར།   རང་གི་ས་དང་ལམ་གྱི་མངོན་པར་རྟོགས་པའི་ཐོག་ལ་ཡང་རྟེན་འབྲེལ་གྱི་གནད་འགག་ཆེན་པོ་ཞིག་བྱུང་བར་ཡིད་ཆེས་བྱེད་ཀྱི་ཡོད་ལ།    མ་འོངས་པར་ཁོང་གི་རྩོམ་རིག་བྱ་དགའི་ལོ་རྒྱུས་ཀྱི་ཆེ་མཐོང་དང་།    ཁོང་གི་ཐུགས་རེ།   དེ་བཞིན་ང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་ཐུགས་རེ་ཆུད་ཟོས་མི་འགྲོ་བའི་ཆེད།   བོད་ཀྱི་རྩོམ་རིག་གི་ཐོག་ལ་སྔར་བས་ཀྱང་ནུས་ཤུགས་ཡོད་དགུ་འདོན་ངེས་ཡིན།
ད་རེས་ཀྱི་བྱ་དགའ་འདི་ཐོབ་སའི་རྩོམ་ཡིག་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལ་རྒྱུ་མཚན་བགྲངས་པའི་ཐོག་ནས་དགག་བྱ་གནང་མཁན་ཁ་ཤས་ཤིག་བྱུང་བ་རྣམས་ལ།   ཞིབ་མོ་རྣམ་འཐག་གི་ལན་འབུལ་དགོས་པ་མ་མཆིས་ཤིང་།    ཁྱད་པར་དུ་བསྡིགས་དམོད་ཀྱི་རིགས་ལ་དེ་བས་ཀྱང་ལན་འབུལ་འོས་མི་ཆེ་ཡང་།   ཕལ་མོ་ཆེ་ཞིག་ཆོས་དང་གྲུབ་མཐའི་འགྲོ་སྟངས་མ་འདྲ་བའི་ཐོག་ནས་ཁོང་རྣམས་ཀྱི་ཐུགས་ལ་མ་འཕྲོད་པ་ལྟ་བུར་འདུག་པས།   འདིར་ཁོ་བོ་རྟེན་སྔགས་འཆང་ཞིག་ཡིན་པ་དང་།    ཐབས་གྲོགས་ལ་བརྩེ་བ་སྔགས་པའི་རིག་གཞུང་ཡིན་པའི་རྒྱུ་མཚན་འཛུབ་མོས་རི་སྟོན་ཙམ་ཞིག་བརྗོད་ན།
དེ་ཡང་ཁོ་བོ་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱི་ཆོས་བརྒྱུད་ནི་རྙིང་མ་ཡིན།    སྔགས་པ་དང་གཏེར་སྟོན་མང་སའི་ཆོས་བརྒྱུད་ཅིག་རེད།   ཆེད་སྦྱོང་ནི་སྔགས་ལ་བྱས་པ་ཡིན།   རང་གི་ཡབ་མེས་ཀྱི་ཕ་ནོར་དུ་གྱུར་པའི་རྒྱུད་ལུང་མན་ངག་མཐའ་དག་ལ་མ་མཐའ་ཡང་གླེགས་བམ་ཙམ་རེ་མ་མཇལ་བ་ཧ་ལམ་མེད།   རིགས་ནི་ཇོ་སྲས་ཡིན།   ངའི་ཡབ་ཀྱི་མཚན་ལ་དཔའ་འཚོ་གྲུབ་ཆེན་ཞུ་ཞིང་མགོ་ལོག་འབུམ་པ་ཁག་གསུམ་གྱི་ནང་ཚན་དབང་ཆེན་འབུམ་དང་།   ཨ་སྐྱོང་འབུམ་གཉིས་ཀྱི་དབུ་བླ་ལྟ་བུར་ཆགས་ཡོད།   ཁམས་རྫ་ཆུ་ཁའི་འབར་ཆུང་སངས་གྲགས་སོགས་བླ་མ་མང་པོ་དང་།   མགོ་ལོག་དབང་ཆེན་འབུམ་དང་ཨ་སྐྱོང་འབུམ་དུ་ད་ལྟ་ཞལ་བཞུགས་བཞིན་པའི་བླ་སྤྲུལ་མཁན་གསུམ་ཕལ་མོ་ཆེ་ཞིག་ངའི་ཡབ་ཀྱི་སློབ་མ་ཡིན།    མགོ་ལོག་གི་ཕྱོགས་སུ་སོང་ན་དེང་སང་ད་དུང་མི་རྒན་ལོ་ལོན་རྣམས་ཀྱིས་རྒྱུན་དུ་ངའི་ཡབ་ཀྱི་གསོལ་འདེབས་ཁ་ཏོན་གྱི་གྲས་སུ་འདོན་བཞིན་པ་ཐོས་ཐུབ་ལ།   གཞོན་སྐྱེས་རྣམས་ལ་ཡང་དེའི་ཤན་ཞུགས་ཡོད།   ཆེད་ལས་ནི་གསང་སྔགས་ཀྱི་བསྟན་པའི་ཞབས་ཞུ་ལ་འབད་ཀྱི་ཡོད།   ལོ་རེའི་དུས་ཚོད་དང་།   ཟླ་རེའི་དུས་ཚོད།   ཉིན་རེའི་དུས་ཚོད་ཕལ་མོ་ཆེ་བསྟན་པའི་ཞབས་འདེགས་ལ་གཏོང་གི་ཡོད།   དཔེར་ན་ལོ་སྔོན་མའི་ནང་དུ་རྙིང་རྒྱུད་ཡོངས་སུ་རྫོགས་པའི་རྡུལ་སྤྲུགས་ཏེ།     ཀུ་ཤའི་རྩེ་མོ་ལྟར་མ་འདྲེས་པའི་དཀར་ཆག་གི་ལམ་ནས་གསལ་བར་བྱས་པ་དང་།   འདི་ལོར་ཡང་བཀའ་མ་པོ་ཏི་བརྒྱ་དང་ཉི་ཤུའི་རྡུལ་སྤྲུགས་ཟིན་པ་ཡིན།   ཟླ་རྗེས་མ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་རྡུལ་སྤྲུག་རྒྱུའི་གྲ་སྒྲིག་བྱས་ཡོད།   མདོར་བཤད་ན།    ཤི་མ་སྔ་ན་ཚེ་འདིར་སློབ་དཔོན་སངས་རྒྱས་གཉིས་པའི་བསྟན་པ་ཡོངས་སུ་རྫོགས་པ་ལ་བཀའ་ཡི་བསྡུ་བ་ལན་གཅིག་བྱེད་རྒྱུའི་དམ་བཅའ་བཞག་པ་ཡིན། 
དེ་ལྟར་ན་ཆོས་བརྒྱུད་རྙིང་མ།   ཆེད་སྦྱོང་སྔགས།   རིགས་ཇོ་སྲས།   ཆེད་ལས་གསང་སྔགས་ཀྱི་བཀའ་བསྡུ་ཡིན་པས་ཕྱི་ནང་གསང་གསུམ་པོ་སྔགས་པ་གཙང་མ་གཙང་རྐྱང་ཞིག་ཡིན།    ༧གོང་ས་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་ཀྱང་།    སྔགས་པ་ཡིན་ན་སྔགས་པ་གཙང་མ་ཞིག་གྱིས་གསུངས་པ་ ཇི་བཞིན་བྱེད་ཀྱི་ཡོད།
དེས་ན་སྔགས་འཆང་ཞིག་རང་གི་ཐབས་གྲོགས་ལ་བརྩེ་བ་དེ་སྔགས་པའི་རིག་གཞུང་ཞིག་ལས་རྒྱལ་བསྟན་ལ་གཏོར་བརླག་དང་།   བསྟན་པའི་ཞབས་འདྲེན་གཏན་ནས་མིན་ཞིང་།   དེ་ཙམ་དུ་མ་ཟད་སྔགས་པ་ཚུལ་ལྡན་རྣམས་ཀྱིས་རང་གི་ཐབས་གྲོགས་ལ་ཨ་ཡེ་དང་།   རྒན་མོ་དང་།   བུད་མེད་དང་།   སྐྱེ་དམན་ཞེས་མི་འབོད་པར་རིག་མ་དང་།   ཚེ་འཛིན་དང་།   མཁའ་འགྲོ་དང་།   བདག་མོ་དང་།   གསང་ཡུམ་སོགས་མིང་གི་ཆེ་བསྟོད་དང་བཅས་ཏེ་འབོད་ཀྱི་ཡོད་ལ།   བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་དང་།།   དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་གྲོགས་རྣམས།།   ཤེས་རབ་གཉེན་གྱིས་འབྲེལ་བའི་གཟུངས་མ་གསུམ།།   ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ།།   མི་འབྲལ་འགྲོག་པའི་ཏིང་འཛིན་རྩེ་གཅིག་གིས།།   ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་ནས་ཀྱང་།།   ཞེས་སོགས་སྐྱེ་བ་ཚེ་རབས་ཀུན་ཏུ་མི་འབྲལ་བར་འགྲོག་པའི་སྨོན་ལམ་བྱེད་ཀྱི་ཡོད།     
ཁོ་བོ་རང་ཉིད་ཡིན་ཡང་རང་གི་ཐབས་གྲོགས་ལ་བརྩེ་བ་དེ་ཨ་གསར་དང་།   ངོ་དགའ་སོགས་གང་ཡང་མིན་པར་རང་གི་ལྷན་སྐྱེས་ཀྱི་གཤིས་ལ་རང་གྲུབ་ཏུ་ཡོད་པ་ཞིག་ཡིན་ཏེ།   ངའི་བཟའ་ཟླ་སྔོན་མ་དང་ངེད་གཉིས་ལོ་བདུན་ལྷག་ལ་མཉམ་དུ་བསྡད་པའི་རིང་ཚིག་ལོག་རྐང་གཅིག་རྒྱག་མྱོང་དང་།   སྡང་མིག་གིས་ཐེངས་གཅིག་བལྟ་མྱོང་མེད།   རང་གིས་ཚོད་ཀྱིས་བྱམས་སྐྱོང་བྱེད་རྒྱུ་མང་དྲགས་པ་ལྟ་བུར་ཡོད་པས་ནོར་གླིང་ཉམས་ཞིབ་སོགས་ཀྱི་ལས་གྲོགས་རྣམས་དང་།  ཕ་ཡུལ་གཅིག་པ་སོགས་ཀྱི་གྲོགས་པོ་གྲོགས་མོ་རྣམས་དང་།   ཐ་ན་རྒྱ་གར་གྱི་གྲོང་གསེབ་གང་དུ་ཁང་པ་གླས་ནས་བསྡད་ཀྱང་གྲོང་གསེབ་དེའི་རྒྱ་གར་བ་ཚུན་ཆད་ཧང་སངས་བསྡད་ཡོད།   མོ་རང་གི་ངོས་ནས་ཀྱང་རྗེས་སུ་བློ་འགྱུར་ཏེ་ང་དང་ཁ་འབྲལ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པ་ལས་སྤྱིར་བུད་མེད་བཟང་མོ་ཞིག་ཡིན།   ཁྱིམ་མཚེས་དང་མགྲོན་པོ་སོགས་ཀྱི་སོགས་ཀྱི་ཐོག་ལ་ལྷག་ཏུ་བཟང་། དེར་བརྟེན་ངེད་གཉིས་ཁ་འབྲལ་སྐབས་ང་ལ་ཐེངས་དགུར་ཤི་བ་དང་འདྲ་བའི་སྡུག་བསྔལ་བྱུང་ཞིང་།  དེའི་སྟེང་ད་དུང་མིའི་ཤ་གཟུགས་ལ་ཁྱིའི་རུས་རྐང་ཅན་གྱི་གྲོགས་པོ་ནང་མ་སྐོར་ཞིག་གིས་བཟའ་ཚང་གི་རྙོག་དྲ་སོགས་ལ་ཉམས་མྱོང་གང་ཡང་མེད་བཞིན་དུ།   ཨ་རི་ལ་ཐོན་སྔ་ཕྱི་དང་།   སྐད་ཤེས་མི་ཤེས།   སློབ་མ་དང་ངོ་ཤེས་གྲོགས་པོའི་མང་ཉུང་སོགས་ཕྱི་ལོག་གི་རྒྱུ་མཚན་འགའ་ཞིག་བགྲངས་ནས་ཁོ་བོ་དྲན་རྒྱུ་མང་བ་དང་།  ཁོ་བོས་ཕར་གཡུག་པ་ཡིན་ངེས་ཞེས་བོད་ཕྱི་ནང་གཉིས་སུ་བསྒྲགས་ཅི་ཐུབ་བྱེད་ཀྱི་འདུག་པ་དེ།   མིག་སྐྲང་ཐོག་ལ་ཁུ་ཚུར་ཟེར་བའི་དཔེ་དེ་དངོས་སུ་བྱུང་བས་དེ་ལས་བློ་ཕམ་པ་ཞིག་མ་བྱུང་།   
དེ་ལྟར་ལས་རྒྱུ་འབྲས་ལ་བརྩི་བའི་ཐོས་བསམ་པ་དཀྱུས་མ་ཞིག་གི་མགོ་ཐོག་ཏུ་སེམས་སྡུག་དང་བློ་ཕམ་ཉིས་བརྩེགས་བྱུང་ནས་ཅི་བྱ་བརྟོལ་མེད་དུ་ལུས་པའི་སྐབས་སུ།   གྲོགས་མོ་དྲིན་ཅན་མ་གསེར་གྱི་མེ་ཏོག་དང་འདྲ་བ་འདིས་རྒད་པོ་ངའི་སེམས་སྡུག་ཡོངས་རྫོགས་བརྗེད་དུ་བཅུག་སོང་བས།   ངས་ཁོ་མོ་མགོ་ཐོག་ཏུ་ཁུར་ནས་འཛམ་གླིང་ལ་སྐོར་བ་གཅིག་བརྒྱབ་ཀྱང་དྲིན་ལན་འཁོར་ཐབས་མེད་པར་སེམས་ཀྱི་ཡོད་ལ།   ངོ་མ་བཤད་ན་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཡང་ཁོ་མོའི་ཐུགས་བརྩེ་དང་།  བཀའ་དྲིན་མི་བརྗེད་པའི་དྲན་རྟེན་ནམ་བརྗེད་བྱང་དུ་བྱས་པ་ཞིག་ཡིན།   
དེ་ནས་རྩོམ་ཡིག་རང་གི་ཐོག་ཏུ་ཚིག་དོན་རྣམས་དཀྱོགས་ནས་དགག་པ་ཁ་ཤས་གནང་འདུག་པར།   གནད་འགག་གི་ལན་ནམ་གསལ་བྱེད་འགའ་ཞིག་བརྗོད་ན།   ཁོ་བོས་མི་ཆོས་བླ་མའི་རྫུན་སྨྲས་ནས་བུ་མོ་མགོ་སྐོར་བཏང་བ་ལྟ་བུར་གསུངས་པ་ནི།     དོན་ལ་དེ་ལྟར་མིན་ཏེ།   སྐབས་དེ་དག་ཏུ་བྱུང་བའི་ཉམས་དང་རྨི་ལྟས་འགའ་རེ་ནི་ཉིན་ཐོ་འབྲི་སའི་འབྲི་དེབ་ཀྱི་ཐོག་ཏུ་འཁྱུག་ཡིག་གིས་བྲིས་ནས་བཞག་ཡོད་ཅིང་།   ཁོ་མོ་ལ་དེ་ཚོ་ཕལ་ཆེ་བའི་ཟུར་ཙམ་ཡང་གླེང་མེད།   ཡང་འགའ་རེ་དབྱིན་ཡིག་ཏུ་བྲིས་ནས་ངོ་དེབ་ཏུ་བཞག་པ་ཡིན་མོད།    དེ་རྣམས་ཀྱང་ཁོ་བོས་གྲོགས་མོ་འདིའི་སེམས་ཀྱི་བརྩེ་བ་ཡོད་ཚད་རག་རྗེས་སུ་བྲིས་པ་ཡིན་པས་མགོ་སྐོར་གྱི་ཐ་སྙད་འཇུག་སའི་གཞི་མེད་ཅིང་།   དེ་བཞིན་རྔན་པ་ཆེན་པོ་སྤྲད་ནས་མགོ་སྐོར་བཏང་བ་ཟེར་བ་ཡང་དེ་དང་གཅིག་མཚུངས་ཡིན་ཏེ།    ཁོ་མོས་ངའི་བརྩེ་བ་ལ་ངོས་ལེན་གཙང་མ་བྱས་རྗེས་ད་གཟོད་བརྩེ་དུང་གི་ལེགས་སྐྱེས་ཕུལ་བ་ཙམ་ལས།   བརྩེ་བ་མ་ཐོབ་གོང་དུ་རྒྱུ་ངོམ་བྱས་ནས་བཀུག་པ་མིན་པ་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་རང་དུ་གསལ་བ་ལྟར་ཡིན།    
དེ་བཞིན་ཁོ་མོ་ཨ་རིའི་སྒྲོ་ལར་དང་།   ཨ་རི་ལ་ཡོང་རྒྱུར་རྔམ་ནས་རྒད་པོའི་བརྩེ་བ་ངོས་ལེན་བྱས་པ་ལྟ་བུར་བཤད་པ་ཡང་།    རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་བྱུང་བཞིན་པ་ཞིག་ཡིན་པས་ཁྱེད་རྣམས་ལ་ཁག་མེད་མོད།    དོན་ལ་དེ་ལྟར་མིན་ཏེ།   སྦས་ཡུལ་འབྲུག་གི་རྒྱལ་ཁབ་ནི་ང་ཚོ་ལྟ་བུ་ཡུལ་ཤོར་བ་ཞིག་མིན་པར་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་།   དབུལ་ཕོངས་དང་།  ཉ་པ།   བཤན་པ།   སྨད་ཚོང་སོགས་ཕར་བཞག   རྒྱལ་ཁབ་ཧྲིལ་པོར་རྒྱ་གར་གྱི་མི་འཁྱམ་འགའ་རེ་མ་གཏོགས་ལྷྭམ་འཛེར་གཅིག་ཀྱང་མཐོང་རྒྱུ་མེད་པའི་རྒྱལ་ཁབ་འབྱོར་ལྡན་ཞིག་རེད།   འབྱོར་བ་ཡོད་མེད་ཀྱི་མི་སུ་ཞིག་ཡིན་ཡང་སྨན་བཅོས་ཀྱི་མཐུན་རྐྱེན་ཡོངས་རྫོགས་གཞུང་གིས་གཏོང་གི་ཡོད།   ཁོ་མོ་ལ་མཚོན་ན་ཡང་རང་གི་རྒྱལ་ཁབ་བསྐྱུར་ནས་གཞན་གྱི་རྒྱལ་ཁབ་ལ་འགྲམ་ཆུ་ལྡང་བ་ཚོར་དགག་པ་གནང་མཁན་གཙོ་གྲས་ཤིག་ཡིན་པ་དང་།   ཨ་རི་ལ་ཡང་ཟ་བཏུང་ཡག་པོ་དང་ཉོ་ཚོང་ཡག་པོ་(only good food good shopping)ཙམ་མ་གཏོགས་དམིགས་བསལ་ཅི་ཡང་མེད་པར་འདོད་མཁན་ཞིག་རེད།   ཁོ་མོ་ལ་ཟླ་རེར་ཧིན་སྒོར་ཉིས་ཁྲི་ཙམ་གྱི་ལས་གནས་མཐོན་པོ་ཡོད་པར་མ་ཟད།   ཕ་མའི་ཐོབ་སྐལ་གྱི་ས་ཆ་གཅིག་པོ་ཡང་མེག་ལོག་གྷན་ཇི་ཡོངས་རྫོགས་ལྟ་བུ་ཞིག་འདུག    ཁོ་མོ་དང་ཨ་མ་གཉིས་ཀྱི་རེ་འདུན་ཆེ་ཤོས་ནི་ང་དང་ངའི་བུ་གཉིས་ཀྱིས་ཨ་རི་བསྐྱུར་ནས་འབྲུག་ལ་ཡོང་རྒྱུ་དེ་ཡིན་ཡང་།   ངའི་བུ་གཅིག་པོའི་མདུན་ལམ་ལ་བསམ་ནས་ཨ་རི་བསྐྱུར་མ་ཐུབ།   དེ་བས་ད་སྐབས་ངས་ཁོ་མོ་ལ་དཀའ་ངལ་ཞིག་བཟོ་བཞིན་པ་ནི།   བུ་མོ་བུའི་སར་གནས་ལ་འགྲོ་བ་དེ་ང་ཚོ་བོད་དང་འབྲུག་པའི་ལུགས་སྲོལ་ཡིན་པས།    གལ་ཏེ་ཁྱེད་ལ་ང་དགོས་ན་ཁྱེད་ངེས་པར་དུ་ཨ་རིར་ཡོང་དགོས་ཞེས་ཨུ་ཚུགས་བྱེད་ཀྱི་ཡོད་ཅིང་།   ཨ་རིའི་མི་སེར་ཆགས་རྗེས་དུས་ཚོད་མང་ཆེ་བ་འབྲུག་ནས་ཨ་མ་དང་མཉམ་དུ་བསྐྱལ་རྒྱུར་ངས་ཁས་བླངས་ཡོད།   
ཡང་རྐང་པ་ལ་ལྡག་ཏུ་ཕྱིན་པ་ཞེས་སོགས་ཚིག་ལ་ཆེད་དུ་རྣོ་སོ་བཏོན་ནས་དགག་པ་གནང་འདུག་ཀྱང་།    དེ་ལ་ཆོས་འཇིག་རྟེན་གཉིས་གང་ཐད་ནས་བཤད་ཀྱང་བློར་མི་ཤོངས་པ་དང་།   མྱི་རྐུབ་བུད་འགྲོ་བའི་དོན་ཞིག་ཅི་ཡང་མེད་དེ།   འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་ལུས་པོའི་དྭངས་མ་དང་།    སེམས་གྱི་བརྩེ་འདུན་ཡོད་ཚད་འོ་ཆུ་ལྟར་འདྲེས་ཚར་བ་ཞིག་ཡིན་ཕྱིན་རྐང་པ་དང་།   ཁ་དང་རྐུབ་སོགས་གང་ཞིག་ལ་ལྡག་ཀྱང་ཧང་སངས་རྒྱུ་མེད་པ་འདོད་པའི་བསྟན་བཅོས་ཁག་ལས་བྱུང་བ་ཁྱེད་ཅག་གིས་ཤེས་གསལ་ལྟར་དང་།    ཆོས་ཀྱི་ཕྱོགས་ནས་བཤད་ན་ནི་གསང་སྔགས་གསར་རྙིང་གཉིས་ཀྱི་རྒྱུད་སྡེ་ན་དེ་ལྟར་བྱེད་དུ་རུང་བར་མ་ཟད།    བྱེད་དགོས་པར་ཡང་ཁ་གསལ་པོར་ལན་གཅིག་མིན་པར་ཡང་ཡང་གསུངས་ཡོད།   ཁྱེད་རྣམ་པ་སྔགས་གསར་མའི་རྗེས་འཇུག་ཡིན་པས་སྔགས་རྙིང་མའི་རྒྱུད་སྡེ་མི་ཤེས་རུང་གསར་མའི་རྒྱུད་སྡེ་ཅུང་ཙམ་ལོས་ཤེས།   གལ་ཏེ་སྔགས་གསར་རྙིང་གཉིས་ཀྱི་གང་ཡང་མི་ཤེས་ལ།   དེ་ཚོ་གོ་ཡང་མ་མྱོང་ཟེར་ན་དེ་ནས་དེའི་སྐོར་ལ་སྐད་ཆ་བཤད་རྒྱུའི་འོས་བབ་མེད་པས་བསྐྱུར་ན་བཟང་།   གལ་ཏེ་སྔགས་རྙིང་མ་མི་ཤེས་རུང་གསར་མའི་རྒྱུད་སྡེ་ཅུང་ཙམ་ཤེས་ཟེར་ན།   གསར་རྒྱུད་ལས་ཀྱང་།    བུད་མེད་ཁ་ཡི་ཆུ་དང་ནི།།   པདྨ་བཀྲུས་པའང་བཏུང་བར་བྱ།།   ཞེས་སོགས་བྱུང་ཞིང་།   འཁོར་ལོ་བདེ་མཆོག་དང་འཇིགས་བྱེད་ཀྱི་བདག་འཇུག་གི་སྐབས་སུ།   བྷ་གའི་པདྨར་འོ་བྱེད་པ།།   བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི།།  ཞེས་དང་།    དུས་འཁོར་ལས།   བསམ་གཏན་བཅས་པའི་མེ་ཏོག་རྔུབ་ནས་སྐྲ་དཀར་དང་བཅས་རྒ་བ་དང་ནི་ལུས་སྐྱེས་རྣམས་ཀྱང་འཕྲོག།   ཅེས་གསུངས་པ་འདི་ཚོ་སྔགས་གསར་མའི་རྒྱུད་སྡེ་ཁོ་ན་རེད།   ད་དུང་དེ་ལས་ཀྱང་ཟབ་པ་མང་པོ་ཞིག་ཡོད་ཀྱང་གསང་གཏམ་ལ་ཡང་ཕྱི་ནང་གསང་གསུམ་ཡོད་པས་འདི་ཙམ་ཞིག་གིས་ཆོག་པར་བྱས་ཡོད།     ལར་འདི་དག་ཐམས་ཅད་ཀྱང་གང་ཟག་གང་ཞིག་གྲུབ་པ་ཐོབ་ནས་གུ་རུ་རིན་པོ་ཆེ་ལྟ་བུ་ཞིག་ཏུ་གྱུར་ཡོད་དུས་གཟོད་དེ་ལྟར་བྱེད་དགོས་ཟེར་བྱད་མིན་པར།   ལས་དང་པོ་པ་རྣམས་ཀྱིས་འདི་ལྟར་བསླབས་ནས་སྔགས་ལ་ཉམས་ལེན་བྱེད་དགོས་ཟེར་བྱད་རེད།   ད་དུང་དེ་རིགས་བསྟན་པའི་ཞབས་འདྲེན་དུ་བརྩི་ན་ད་ནི་ཁོ་བོ་ལ་མ་རྩོད་པར་ཐོག་མར་རྡོ་རྗེ་འཆང་དང་བདག་ཅག་གི་སྟོན་པ་སོགས་ལ་རྩོད་རོགས་ཞེས་ཞུ་བ་ཡིན་ནོ།།    
ཡང་རྩོམ་འདི་ཡིག་རིགས་གཞན་གྱི་ནང་དུ་བྲིས་ཡོད་ན་བོད་ཀྱི་བསྟན་པ་ལ་རྨ་འབྱིན་སྲིད་ཟེར་བ་དེ་གཅིག་བྱས་ན་བདེན་སྲིད།    དེའི་ཐོག་ནས་བདེན་ཁ་སྟེར་ཡང་མི་ཆོག་རྒྱུ་མེད།    ང་ཚོ་གངས་རིའི་ལྗོངས་ཀྱི་སྟོན་པའི་རྒྱལ་ཚབ་གཅིག་པུ་རྗེ་བདག་ཉིད་ཆེན་པོ་ཡང་།    དེང་སང་ཐེ་ཝན་གྱི་བོད་ཀྱི་ནང་ཆོས་དགག་རྒྱག་ཚོགས་པ་དེས་ནང་པའི་བསྟན་དགྲ་སྡུག་ཤོས་དང་།   སྔགས་རིམ་ཆེན་མོ་ཡང་ལོག་གཡེམ་གྱི་རྩ་བའི་བསྟན་བཅོས་ཆེ་ཤོས་སུ་བརྩིས་ནས་ཁྱབ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག   དེར་མ་ཟད་རང་རེས་རྩ་ཆེན་པོ་བྱས་ནས་དབང་བསྐུར་བཞིན་པའི་གསང་སྔགས་གསར་རྙིང་གི་ལྷ་ཚོགས་ཡབ་ཡུམ་འཁྲིལ་སྦྱོར་ཅན་རྣམས་ཀྱང་།    ཚུར་བོད་ལ་ཁྱད་གསོད་བྱེད་པའི་ལག་ཆ་བྱེད་ཀྱི་འདུག   ད་དུང་སྦྱོར་སྒྲོལ་དམར་རྗེན་དུ་སྟོན་པའི་རྒྱུད་སྡེ་ཐམས་ཅད་དེང་སང་དྲ་ཐོག་ན་འདུག   དེ་ཚོ་ལ་ཡང་ལོག་ལྟ་ཅི་ཙམ་བྱེད་ཀྱི་ཡོད་པ་མཐོང་རྒྱ་ཅན་ཞིག་ཡིན་ཕྱིན་མི་ཤེས་པ་ག་ལ་སྲིད།    ཞབས་འདྲེན་ཞུ་ན་དེ་ཚོས་མང་ཤོས་ཞུ་ངེས་རེད་ལ།   དེའི་ཞོར་དུ་ངས་བྲིས་པའི་རྩོམ་དེས་ཀྱང་ཞབས་འདྲེན་ཆུང་ཆུང་རེ་ཞུ་ན་ཐང་།   ལར་དེང་སང་དྲ་ཐོག་ཏུ་ཡོད་པའི་སྔགས་རྒྱུད་སྡེ་བཞིའི་རྒྱུད་དང་།   རྒྱུད་འགྲེལ་དེ་ཚོ་ལ་བལྟས་ན་ངའི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ནི་དགེ་སློང་གི་སྡེ་སྣོད་ལྟ་བུ་ཞིག་ལས་བློར་མི་ཤོངས་པ་ཞིག་གང་ཡང་མེད་མོད།   འབྲི་མཁན་སྙིང་སྟོབས་ཆེ་བ་དང་།   ཀློག་མཁན་ཐོས་པ་ཉུང་བ་གང་ཡིན་ད་དུང་མཁས་པ་གཞན་རྣམས་ལ་སྐད་ཆ་དྲིས་ཏེ་ཞིབ་འཇུག་བྱེད་དགོས་པར་སྣང་།    
ལར་ངས་ནི་ནམ་རྒྱུན་རང་ཉིད་འོག་མིན་ན་བཞུགས་པའི་ལོངས་སྐུའི་འཁོར་ཞིག་མིན་པས་མི་ཡུལ་དུ་སྡོད་མཁན་གྱི་མི་ཞིག་ཡིན་པ་གསལ་བོར་ཤེས་ཀྱི་ཡོད་ལ།   རང་ཉིད་མི་ཡུལ་གྱི་མི་ཞིག་ཡིན་པ་ཡང་རྒྱུན་དུ་དྲན་གྱི་ཡོད།   དེར་བརྟེན་ཁོ་བོ་མི་ཞིག་ཡིན་པས་སྐྱོན་ཆུང་ཙག་གི་རིགས་ནི་ངེས་པར་ཡོད་ངེས་རེད།   ཡིན་ན་ཡང་ཆུང་དུས་སུ་ཆོས་པ་ཡ་རབས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པར་མ་ཟད་རྒྱ་གྲོང་སོགས་དང་ཐག་རིང་བ་དང་།   ནར་སོན་རྗེས་བླ་མ་དམ་པ་རྣམས་ཀྱི་སྐུ་དྲུང་དུ་ཆོས་འཆད་ཉན་གྱིས་དུས་འདས་པས་ཡོད་ཚད་བླ་མ་རྣམས་ཀྱིས་ཚོད་འཛིན་ལ་རག་ལས་ཤིང་།   རྒྱ་གར་དུ་ཡོང་སྐབས་རང་གིས་བསམ་ཤེས་པའི་ལོ་ཚོད་དུ་སླེབས་ཡོད་པ་སོགས་ཀྱིས་ཆུང་ནས་ད་བར་ལྷ་མགོ་བཅད་པ་དང་།   དགོན་རྐུབ་ཕུད་པ།   མི་བསད་པ་དང་རྒྱུ་འཕྲོག་པ།   ཟོག་ལུག་བཤས་པ་དང་སྐུ་འདྲ་དང་ལྷ་ཁང་མཆོད་རྟེན་སོགས་གཏོར་བ།   བཙན་གཡེམ་དང་གྲོགས་པོ་སྤུན་མཆེད་སོགས་བསླུས་པ།    གཞུང་རྒྱུ་ཟོས་པ་དང་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ།   ཆོས་དང་བླ་མ་ལ་སྡང་ཞིང་སྨོད་པ།   གདུག་འདྲེ་མཆོད་ཅིང་རྒྱལ་ཁབ་བཙོང་པ་སོགས་ཞབས་འདྲེན་ཆེན་པོའི་རིགས་ནི་རྐང་གཅིག་ཀྱང་ཞུ་མྱོང་མེད་པས།    ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལོ་རྒྱུས་ཀྱི་ཐོག་ལ་ནག་ཐིག་ཅི་ཡང་བཟོས་མེད་ཅིང་།    མ་འོངས་པར་ཁོ་བོ་ལ་སློབ་མ་དང་རྗེས་འཇུག་ས་ཡ་དུ་མ་སླེབས་ཀྱང་ཕ་རྒན་རྒད་པོའི་བཤུལ་ལམ་ཤིན་ཏུ་གཙང་མ་ཡིན་པས་ཤིན་ཏུ་དགའ་འོས་པར་ཡོད།   
ཁྲི་ཐོག་གི་བླ་སྤྲུལ་ཞིག་ལ་བཟའ་ཟླ་ཡོད་པ་ཞབས་འདྲེན་དུ་བརྩི་བ་སོགས་ཆོས་བརྒྱུད་གཞན་དང་གྲུབ་མཐའ་གཞན་གྱི་རྗེས་འཇུག་ཚོའི་མིག་ལ་མ་འཕྲོད་པ་རེ་བྱུང་ན་དེ་ནི།   ཁྱེད་ཀྱི་ལུགས་སྲོལ་དང་མ་མཐུན་པར་དགོངས་དག་ཞུ་ཆོག་ཀྱང་།   ངའི་ལུགས་སྲོལ་ལ་འདི་ནི་མི་ལོ་སྟོང་ཕྲག་གི་རིང་ནས་ཡོད་པའི་སྔགས་པའི་རིག་གཞུང་དང་གོམས་སྲོལ་ཞིག་ཡིན་པ་ལས།   གང་ཟག་སྒེར་གྱི་ངོས་ནས་དྲན་རྒྱུ་བྱེད་རྒྱུ་མང་སྟེ་ཞབས་འདྲེན་ཞུས་པ་ཞིག་མ་རེད་ཅེས་ཞུ་བ་ལས་ཐབས་གཞན་མེད།   ད་དུང་གོ་བརྡ་མ་འཕྲོད་ན་ནི་བོང་བུས་མི་སྐད་མི་གོ་བའམ།   ཡང་ན་ཕྲག་དོག་ཅན་ལ་རྒྱུ་མཚན་མི་འགྲོ་བ་གང་རུང་ཞིག་ལས་འོས་མེད་པས།   ཨོ་ལགས་སོ།   དེས་ན་ད་ནི་བསྟན་པ་བཤིགས་སོང་ཞེས་སྐུ་ཉིད་ཀྱི་ཕྱག་ན་རག་བར་དུ་ཁ་ཤ་འཐེན་ལ།   བྲང་ཁོག་རྡུང་ནས་བཞུགས་རོགས་ཞུ་རྒྱུ་གཞན་ལས་མེད།   
ཨ་ཅང་ཀུ་རེ་ཡིན་ཏེ།   དོན་དམ་པའི་ཐོག་ནས་ངས་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་དབྱིན་ཡིག་གི་ཐོག་ཏུ་བསྒྱུར་ངེས་པར་མ་ཟད་ད་དུང་དེ་བས་ཀྱང་མང་བ་བྲིས་ཏེ།   མ་འོངས་པར་ནུབ་ཕྱོགས་ཀྱི་བུད་མེད་འབུམ་ཕྲག་མང་པོས་མི་ཚེ་གཅིག་གི་སྐྱིད་སྡུག་གི་སྐྱབས་བཅོལ་ས་དང་།  སེམས་བརྟེན་སའི་ཁྱོ་ག་བཟང་པོ་ཞིག་དགོས་ན།   བོད་ཀྱི་གསང་སྔགས་རྙིང་མའི་ཆོས་བརྒྱུད་ཀྱི་སྔགས་པ་ཞིག་རག་ཐབས་བྱེད་དགོས་ཟེར་རྒྱུ་ཞིག་མ་བྱས་ན་ང་བུ་མིན་པས་ཁྱེད་ཅག་གིས་གཟིགས་ལ་སྡོད།   བཀྲ་ཤིས་ཞལ་དྲོ།





0 མཆན་བུ་འདེབ་ན་འདིར་ནོན།: