༈ རྒྱལ་བའི་བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་མདོ་སྨད་པ་དགེ་བསྙེན་འཇིགས་མེད་བློ་གྲོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༢༧ ལ། ༈ མདོ་སྨད་པ་འཇིགས་མེད་བློ་གྲོས་ལགས་ནི། རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོས་རླབས་ཆེན་གྱི་དགོངས་པ་བཞེས་མཁན་ཞིག་དང༌། ད་བར་སྒེར་གྱི་འཚོ་གོས་ལ་མ་ལྟོས་པར་རྩོམ་རིག་སྣེ་མང་གནང་བའི་ཉམས་མྱོང་དང་ཐུགས་རྒྱུས་མངའ་བ་ཞིག་ཡིན། བོད་གཞུང་ཆོས་དོན་ལས་ཁུངས། ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༡༤ ལ།

གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
བཀུར་འོས་པའི་དྲ་གྲོགས་རྣམ་པ། ཕྲན་སྒེར་གྱི་དྲ་ཚིགས་འདི་ནི། ཁོ་བོས་སུག་བྲིས་བྱས་པའི་རྩོམ་སྔ་ཕྱི་ཐམས་ཅད་ཁྱེད་ཅག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་སའི་ལྟེ་བ་ལྟ་བུ་ཞིག་ཡིན། གཞུང་འགྲེལ་སོགས་ཅུང་རིང་བའི་རྩོམ་རྣམས་གནས་སྐབས་སུ་འདིར་མ་ཤོང་ཡང་རིམ་གྱིས་ཡར་རྒྱས་ལ་གཏོང་རྒྱུ་ཡིན། ཁོ་བོའི་རང་མིང་དངོས་ལ་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ་བཅས་ཕྲན་ལ་མིང་མི་འདྲ་བ་འགའ་ཞིག་ཡོད་པས། རྩོམ་མི་འདྲ་རྣམས་ཀྱི་མཇུག་ཏུ་དགོས་པའི་དབང་གིས་མིང་གང་ཞིག་དང་སྐབས་སུ་འཚམས་པ་བེད་སྤྱོད་བྱས་ཡོད་ཅིང་། མིང་བྲིས་མེད་ས་འགའ་རེ་ཡོད་པ་རྣམས་ཀྱང་དྲ་རྒྱ་འདིར་ཡོད་ཕྱིན་ཁོ་བོ་རང་གིས་སུག་བྲིས་འབའ་ཞིག་ཡིན། དྲ་རྒྱ་འདིར་བཅུག་མེད་པའི་རྩོམ་གཞན་ཕྲན་དང་མིང་གཅིག་པ་ཅན་འགའ་རེ་མཐོང་བ་རྣམས་ནི་ཁོ་བོ་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་དགོས་སོ།། ཐུགས་རྗེ་ཆེ།
View my complete profile

དྲ་ངོས་བཀླགས་གྲངས


ཟིན་བྲིས་འདི་གཟིགས་པར་ངེས་པར་དུ་ཧི་མ་ལ་ཡའི་ཡིག་གཟུགས་དང་། དྲ་འབྱེད་གཉེན་ཆས IE7 གཉིས་་ཕབ་ལེན་བྱེད་དགོས།
Powered by Blogger.
2014/05/15


༄༅༅༎     སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མོན་གྱི་སྤ་གྲོ་སྟག་ཚང་གི་གཏམ་རིག་འཛིན་གྲུབ་པའི་ལམ་ཡིག་ཅེས་བྱ་བ། 
(སྐུ་པར་རྣམས་གནས་ཡིག་གི་གཤམ་དུ་ཡོད།) 
སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་བརྩམས།
    བླ་མ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༎    ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་ཕྱག་འཚལ་ལོ༎     མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ༎    མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ལ་ཕྱག་འཚལ་ལོ༎    དེ་ཡང་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་བྱ་བ།    རང་བཞིན་གྱིས་བློ་གྲོས་གསལ་ཞིང་སྐྱེ་མཆེད་དྭངས་པ།    རང་བྱུང་པདྨ་རྒྱལ་པོའི་བཀའ་གཏེར་གྱི་ཆོས་སྒོ་རབ་འབྱམས་ལ་ཐོས་བསམ་སྒོམ་པའི་སྐལ་བ་སྦོམ་པོར་གྱུར་པ་བདག     རང་ལོ་བཅུ་བདུན་བཅོ་བརྒྱད་ཡས་མས་ཀྱི་དུས་སུ།    མཁས་གྲུབ་བྱེ་བའི་གཙུག་རྒྱན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་མཛད་པའི་སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་དགའ་སྟོན་ལག་ཏུ་རྙེད་ཅིང་།     དེའི་ནང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཆེན་ཐུན་མོང་མ་ཡིན་པ།    སྐུའི་གནས་ཆེན་སྒྲགས་ཀྱི་ཡང་རྫོང་།    གསུང་གི་གནས་མཆོག་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་།    ཐུགས་ཀྱི་གནས་ཆེན་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་།    ཡོན་ཏན་གྱི་གནས་ཆེན་ཡར་ལུང་ཤེལ་གྱི་བྲག་ཕུག    ཕྲིན་ལས་ཀྱི་གནས་ཆེན་མོན་ཁ་ནེ་རིང་སེང་གེ་རྫོང་།    སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མོན་གྱི་སྤ་གྲོ་སྟག་ཚང་བཅས་ཀྱི་པར་རིས་བཞུགས་པ་མཐོང་བའི་རྐྱེན་བྱས།    རང་གི་ཚེ་འདིའི་ཕ་རྒན་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་ལྷན་སྐྱེས་སུ་མངའ་བའི་སློབ་དཔོན་སངས་རྒྱས་གཉིས་པ་རྗེས་སུ་དྲན་ཏེ་མཆི་མ་པང་ཁར་ལྷུང་ཡང་།    ལང་ཚོ་ཤེད་མ་ཕྱེས་པས་འཕྲལ་དུ་ལམ་ལ་ཆས་པའི་ནུས་པ་ནི་མེད།     ཕྱིས་ཤིག་ན་གནས་ཆེན་དེ་དག་ཏུ་ཅིས་ཀྱང་འགྲོ་ངེས་པའི་དམ་བཅའ་སྙིང་ལ་བཞག་པ་བཞིན་དཔལ་གྱི་བསམ་ཡས་མཆིམས་ཕུ་སོགས་སུ་དངོས་སུ་སླེབས་པའི་སྐལ་བཟང་སྔ་མོ་ཞིག་ནས་བྱུང་ཡང་།      འབྲུག་གི་རྒྱལ་ཁོངས་སུ་ཡོད་པའི་སེང་གེ་རྫོང་དང་།     སྤ་གྲོ་སྟག་ཚང་སོགས་ལ་འགྲོ་ཐབས་མ་ཐོན་པར་རིང་ཞིག་ལུས།    རྒྱ་གར་དུ་སྡོད་པའི་རིང་འབྲུག་ཏུ་གནས་སྐོར་ལ་འགྲོ་བའི་གྲབས་ཤོམ་ཡང་ཡང་བྱས་ཀྱང་དཔལ་འབྱོར་གྱི་མཐུན་རྐྱེན་མ་འཛོམས་པས་འགྲོ་ཐབས་མ་བྱུང་།     ཉེ་བའི་ལོ་ཤས་ཀྱི་ནང་།    ལས་དང་སྨོན་ལམ་གྱིས་དམ་ཚིག་གཅིག་ཏུ་སྦྲེལ་བའི་མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོ་མཆོག་གིས་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་ཞིང་།   མགོ་འདོན་བརྩེ་སྐྱོང་གི་བཀའ་དྲིན་ཚད་མེད་གནང་བ་ལྟར་འབྲུག་ལ་ཡང་ཡང་བསྐྱོད་པའི་གོ་སྐབས་བྱུང་བ་དང་།    གནས་མཆོག་འདིར་ཡང་ཐེངས་གཉིས་སུ་ཕྱིན་ཏེ་དོན་བརྒྱུད་ཀྱི་རྟོགས་པ་སྙིང་ལ་འཕོ་བའི་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིག་པ་བྱུང་ངོ་།།  
2014/05/14


                                             སྔགས་འཆང་རིག་པ་འཛིན་པའི་ཆོས་དར།   
གཞི་དཀར་ཞིང་སྔགས་ཆས་ཀྱི་རྣམ་པར་ཡོད་པས་ཐུན་མིན་སྔགས་པའི་ཆོས་བརྒྱུད་མཚོན་པ་དང་།     དཀྱིལ་ཀྱི་ཉི་མ་དང་གཞི་དཀར་པོ་གཉིས་ཟུང་དུ་འབྲེལ་བས་ཐབས་ཤེས་ཟུང་དུ་འཇུག་པ་མཚོན།    ཐིག་ཤར་དཀར་པོ་དྲུག་གིས་ཕྱི་མཚན་ཉིད་ཀྱི་ཐེག་པ་གསུམ་དང་།    ནང་དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་གསུམ་མཚོན་ཞིང་།   དམར་པོ་གསུམ་གྱིས་གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་བཅས་ཐེག་པ་རིམ་པ་དགུ་མཚོན།     ཉི་འོད་རིམ་པ་གསུམ་གྱིས་སོར་བྱང་སྔགས་ཀྱི་སྡོམ་པ་གསུམ་མཚོན་ཞིང་།    དེའི་དཀྱིལ་གྱི་རྡོ་རྗེས་རྡོ་རྗེའི་ཐེག་པ་དང་གསུམ་ལྡན་རྡོ་རྗེ་འཛིན་པ་མཚོན།    པདྨ་ཐབས་སྙིང་རྗེ་ཆེན་པོ་དང་།    འདོད་ཡོན་གྱི་སྐྱོན་གྱིས་མ་གོས་པ་མཚོན་ཞིང་།    ཡང་རྡོ་རྗེ་དང་པདྨས་སྔགས་ཀྱི་སྟོན་པ་སློབ་དཔོན་པདྨ་འབྱུང་གནས་མཚོན།    ནུབ་ཕྱོགས་ཨ་མེ་རི་ཁའི་རྒྱལ་ཁབ་མ་རས་ལན་ཌའི་མངའ་སྡེའི་ནང་བཞུགས་ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པའི་གཙུག་ལག་ཁང་ནས་ཕྱི་ལོ་༢༠༡༤ཟླ་ ༥ ཚེས་ ༡༤ སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ལ་འགྲེམ་སྤེལ་ཞུས།   


2013/05/16


                                                       འཁྲུངས་སྐར་བདེ་ལེགས།

སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༎      དེ་རིང་གི་ཉི་མ་འདི་ནས་ཡར་བརྩིས་པའི་ལོ་མི་ལོ་༢༥༥༧པའི་ས་ག་ཟླ་བའི་ཡར་ཚེས་༧ཉིན།      བདག་ཅག་གི་སྟོན་པ་བཅོམ་ལྡན་འདས།      དེ་བཞིན་གཤེགས་པ།      དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།      རིག་པ་དང་ཞབས་སུ་ལྡན་པ།      བདེ་བར་གཤེགས་པ།      འཇིག་རྟེན་མཁྱེན་པ།      སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།      བླ་ན་མེད་པ།      ལྷ་དང་མི་རྣམས་ཀྱི་སྟོན་པ།      ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ལུམྦུ་ནིའི་སྐྱེད་མོའི་ཚལ་དུ་སྐུ་བལྟམས་སོ༎     
དེ་ཡང་མཛད་པའི་གཙོ་བོ་བསྡུ་བ་དང༌། གྲངས་ལ་དགའ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར་སློབ་དཔོན་པདྨའི་ངང་ཚུལ་གྱིས། སངས་རྒྱས་ཀྱི་སྐུའམ་མཛད་པ་བཅུ་གཉིས་ལ་སོགས་པ་བསམ་ལ། ཞེས་དང༌། ཆོས་ཀྱི་བཤེས་གཉེན་གྱིས༌། དགའ་ལྡན་གྱི་གནས་ནས་བབ་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱིས་གདུལ་བྱ་རྣམས་སྨིན་པར་མཛད་པ་ཞེས་སོགས་ཡོངས་གྲགས་ལ་མཛད་པ་བཅུ་གཉིས་ཀྱི་གྲངས་སུ་བསྡུ་བར་གསུངས་པ་བཞིན།      འདིར་ཡང་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར།      མྱ་ངན་ལས་འདས་པའི་མཛད་པ་མ་གཏོགས་པའི་མཛད་པ་གཞན་དག་རྣམས།      རྒྱ་ཆེར་རོལ་བའི་མདོ་སོགས་ལས་བྱུང་བའི་དགོངས་དོན་བཞིན་གྲངས་བཅུ་གཅིག་གི་དབང་དུ་བྱས་ཏེ་མདོ་ཙམ་སྨྲོས་ན།    


༄༅། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡིས། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ།
2013/04/30



                                       དབང་སྡུད་གསོལ་འདེབས་ཀྱི་ཡིག་ནོར་ལ་གཟབ་རོགས།

རྒྱལ་ཕྱི་ནང་གང་སར་བཞུགས་པའི་བརྩེ་ལྡན་གྱི་ཆོས་གྲོགས་རྣམ་པ།     ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཞལ་སྔ་ནས།      བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་དབང་གི་ཕྲིན་ལས་འགྲུབ་པ་ལས་གལ་ཆེ་བ་མེད་ཚུལ་གྱི་ཞལ་གདམས་གནང་བ་ལྟར།     ཆོས་རྗེ་མཆོག་ཉིད་དང་།      གསེར་ལྗོངས་བླ་མ་རུང་གི་ཕྲིན་ལས་ལ་བརྟེན་ནས་དེང་སང་ས་དགེ་བཀའ་རྙིང་ཇོ་ནང་བཅས་བོད་གཞིས་བྱེས་གཉིས་དང་།     འཛམ་གླིང་རྒྱལ་སྤྱིའི་ཐོག་བླ་མ་མི་ཕམ་རིན་པོ་ཆེས་མཛད་པའི་དབང་སྡུད་གསོལ་འདེབས་ལ་འགྲོ་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་དང་འབྱུང་བཞིན་ཡོད་ཅིང་།     དེ་བཞིན་སྐད་ཡིག་འདྲ་མིན་གྱི་ཐོག་ཏུ་བསྒྱུར་བ་དང་།     དེབ་རིགས་འདྲ་མིན་དང་དྲ་རྒྱ་འདྲ་མིན་གྱི་ཐོག་ཏུ་ཡང་འགོད་བསྐྱར་འགོད་བྱེད་བཞིན་ཡོད་ན་ཡང་།     མ་དག་པའི་ཆ་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་པས་ཅིས་ཀྱང་གཟབ་པ་གལ་ཆེ།     འདིར་མ་དག་པ་ཞེས་སྨྲོས་པ་ནི་མཁྱེན་ཡོན་ལྡན་པའི་མཁས་པ་གང་མང་ཞིག་གི་དེབ་དང་དྲ་རྒྱ་སོགས་ཀྱི་ནང་དུ་བཞུགས་པ་ལ་ཟེར་གྱི་ཡོད་པ་ལས།     དག་ཆ་སོགས་ལ་དོ་གལ་གཏན་ནས་མེད་པར་འདོན་རྒྱུ་ཞིག་ཡོད་པ་ཙམ་གྱིས་ཆོག་པར་འཛིན་པ་ཚོས་གང་བྱེད་ལ་ཟེར་གྱི་མེད་དེ།     དེའི་རིགས་ལ་ནོར་བ་མཐའ་མེད་པས་སུ་ཞིག་གིས་རེ་རེ་བཞིན་བཅོས་པར་ནུས།    
2013/02/20


          སློབ་དཔོན་སྣ་ཚོགས་གཟུགས་ཅན།
སློབ་དཔོན་སྣ་ཚོགས་གཟུགས་ཅན་ནི།     སྔོན་རྒྱ་གར་གྱི་ཡུལ་དུ་ཡོ་ག་ལ་མཁས་པའི་མི་གསུམ་ཞེས་གྲགས་པའི་ནང་ཚན།      པཎ་གྲུབ་ཆེན་པོ་སྒེག་པའི་རྡོ་རྗེའི་མཚན་གྱི་རྣམ་གྲངས་ཤིག་ཡིན།     དེ་ཡང་སློབ་དཔོན་སྒེག་པའི་རྡོ་རྗེས་ཨུ་རྒྱན་ཡུལ་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་དེ།     འཕགས་པ་འཇམ་དཔལ་འགྲུབ་ཏུ་ཉེ་བ་ན།     འཇམ་དཔལ་གྱི་བྲིས་སྐུ་ལས་འོད་ཆེན་པོ་བྱུང་སྟེ་གླིང་དེ་ཀུན་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱ་བའི་མཚན་བྱུང་།     ཕྱི་རོལ་པའི་རིག་སྔགས་འཛིན་པ་འགའ་ཞིག་ལ་དངོས་གྲུབ་སྒྲུབ་པའི་རྫས་སུ་ནང་པའི་པཎ་ཊི་ཏ་མཁས་པ་ཞིག་གི་དབང་པོ་ལྔ་དགོས་པར་བྱུང་ནས་སློབ་དཔོན་དཀྲོང་དུ་ཡོང་བ་ན།     སློབ་དཔོན་གྱིས་རྟ་དང་།     གླང་པོ་ཆེ་དང་།     ཁྱེའུ་དང་།     བུ་མོ་སོགས་སྣ་ཚོགས་ཀྱི་གཟུགས་སུ་བསྒྱུར་ཏེ་བཞུགས་པས།    དཀྲོང་མཁན་རྣམས་ཀྱིས་སུ་ཡིན་ངོ་མ་ཤེས་ནས་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་བྱ་བའི་མཚན་བྱུང་།      
2013/02/12
2013/02/10


     རིན་ཆེན་གཏེར་མཛོད་ཆེན་མོའི་ཟིན་བྲིས་དཀར་ཆག་ཕ་ནོར་ཡིད་བཞིན་གྱི་ནོར་བུའི་བང་མཛོད།

ལོ་སྔོན་མ་ནས་བཟུང་མ་འོངས་པའི་བསྟན་རྒྱུན་འབའ་ཞིག་གི་ཆེད་སྔ་འགྱུར་ཆོས་འབྱུང་ཆེན་མོའི་ཆ་ཤས་སུ་རིན་ཆེན་གཏེར་མཛོད་ཆེན་མོར་ཟིན་བྲིས་དཀར་ཅག་གསལ་རྒྱས་ཤིག་འབྲི་རྒྱུའི་དབུ་བཙུགས་པ་བཞིན།     སྒེར་གྱི་འཚོ་གོས་བློས་བཏང་གི་ཐོག་ཉིན་མཚན་བར་མེད་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་པའི་འབྲས་བུར།     ཨ་རི་སོགས་ནུབ་ཕྱོགས་སུ་གནས་སྡོད་ཀྱི་བོད་པ་ཚོར་སང་ཉིན་ཆུ་མོ་སྦྲུལ་གྱི་ལོའི་ལོ་གསར་གྱི་ཚེས་གཅིག་ཡིན་པའི་དེ་རིང་ཆུ་ཕོ་འབྲུག་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་༣༠སྔ་དྲོའི་ཆ་ལ།      རིན་ཆེན་གཏེར་མཛོད་ཆེན་མོ་པོ་ཏི་བརྒྱ་དང་བཅུ་གཅིག་གི་ཟིན་བྲིས་དཀར་ཆག་ཤོག་ངོས་ལྔ་བརྒྱར་ལོངས་ལ་ཉེ་བ་ཞིག་ལེགས་མཇུག་ལེགས་པར་གྲུབ་པ་འདི་ངའི་ལོ་གསར་གྱི་ལེགས་སྐྱེས་ཡིན་ཞིང་།      ལོ་གསར་བོད་ཀྱི་རིག་གཞུང་ལ་བརྩིས་ནས་ཆུ་སྦྲུལ་ལོའི་ལོ་གསར་གཏོང་བཞིན་པ་རྣམས་ལ་ལོ་གསར་གྱི་འཚམས་འདྲིའི་ལེགས་སྐྱེས་དང་།    བོད་ནང་གི་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད།     ལོ་གསར་གྱི་ཚབ་དུ་མཆོད་འབུལ་སྨོན་ལམ་གནང་བཞིན་པ་ཚོར་དཔུང་པ་མཉམ་གཤིབ་བྱས་ཏེ།     བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཞལ་འདེབས་ལེགས་ཙམ་ཕུལ་བ་ལ་བརྩི་རོགས་ཞུ་རྒྱུ་ཡིན།    དེ་བཞིན་དཀར་ཆག་ཟིན་བྲིས་ཆེན་མོ་འདིའི་དབུར་ལས་འཕྲོ་གཏེར་གྱི་རྣམ་བཤད་ཤིན་ཏུ་རྒྱས་པ་ཞིག་ཀྱང་གང་མཚམས་ཤིག་གྲུབ་ཡོད་པ་མཇུག་མྱུར་ཏུ་གྲུབ་པར་བྱེད་རྒྱུ་དང་།      གང་མགྱོགས་ཐ་མའི་ཞུས་དག་གྲུབ་རྗེས་དོན་གཉེར་ཅན་གྱི་ཀློག་མཁན་ཚོའི་སྤྱན་སྔར་རིན་མེད་ཆོས་སྦྱིན་དུ་སྤེལ་རྒྱུ་ཡིན་པས་ངང་སྒུག་གནང་རོགས་ཞུ་བ་ལགས།     ཞེས་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་གི་ལོའི་ཟླ་བ་༡༢པའི་ཚེས་༣༠ལ་སྤེལ།

2012/12/03


                                               དམྱལ་བ་ལས་ཐར་བའི་དགའ་སྟོན་གྱི་སྙན་ངག

ཀྱེ་ཧོ་མུ་མེད་སྲིད་པའི་རྒྱ་མཚོ་རུ༎
རྣམ་པར་བྱིངས་པའི་ལས་ཀྱི་ལྷག་མ་སྟེ༎
བསྲེག་དང་མནར་དང་སྦྲེབ་པའི་སྡུག་བསྔལ་ལས༎
གཏན་དུ་ཐར་བའི་གོ་སྐབས་དེ་རིང་རྙེད༎

བྱམས་པའི་མིག་ལ་ཁྲོས་པའི་ས་རྡུལ་བླུགས༎
བརྩེ་བའི་སྙིང་ལ་སྡང་བའི་གྲི་ཡིས་བསྣུན༎
འཇམ་པོའི་གཏམ་ལ་རྩུབ་མོས་རྒོལ་ལན་སྤྲད༎
ལས་ཀྱི་དགྲ་ཆེན་དེ་ལས་དེ་རིང་གྱེས༎

2012/09/19




བླ་མའི་གསོལ་འདེབས་བཙན་ཐབས་འཚང་རྒྱ་མ་ཞེས་བྱ་བ།

ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱི་གཟུགས།      རང་ཉིད་ལ་མེ་ཏོག་ཕོག་པའི་ལྷ་སྐལ་བླ་མ་དགེ་བའི་བཤེས་གཉེན་སྟོང་ཉིད་སྙིང་རྗེའི་གཏེར་མཛོད་དེ་མཁྱེན་ནོ༎     རྗེ་བཙུན་ཁྱེད་ལ་མཉམ་གྲོགས་ཀྱི་མི་རུ་བཟུང་བའི་འདུ་ཤེས་དང་བྲལ་ནས་ལམ་སྟོན་དོན་གྱི་སངས་རྒྱས་དངོས་སུ་གདེངས་ཐག་ཆོད་དེ་ཇི་མཛད་ཆོས་སུ་མཐོང་བར་ཤོག་ཅིག      དེ་ལྟར་བཅོས་མ་མ་ཡིན་པའི་དད་པ་རང་རྒྱུད་ལ་ངམ་ངམ་སྐྱེས་པའི་མོད་ལ་བླ་མའི་སྐུའི་མཛད་པ་ཐམས་ཅད་གདམས་ངག་ཚངས་སྤྲུགས་སུ་གནང་བར་ཤེས་ནས་དངོས་གྲུབ་བཟང་པོ་ཕ་ཕོག་བུ་ཡི་ལོངས་སྤྱོད་ཀྱི་སྐལ་དུ་ལེན་ཤེས་པར་ཤོག་ཅིག      བླ་མའི་གསུང་གི་བགྲོ་གླེང་ཐམས་ཅད་ཞལ་གདམས་དང་ཁྲིད་ཀྱི་རང་བཞིན་དུ་གོ་ནས་གསུངས་བདུད་རྩིའི་བཅུད་ལ་ངོམ་པ་མེད་པར་འཐུང་སྟེ་རང་གི་ཉམས་རྟོགས་གོང་དུ་འཕེལ་ཞིང་རྒྱས་པར་ཤོག་ཅིག      བླ་མའི་ཐུགས་ཀྱི་དགོངས་པ་སྐུ་གསུམ་གྱི་ངོ་བོར་རང་སེམས་ཆོས་སྐུ་གཞི་རྫོགས་འཕོ་འགྱུར་མེད་པར་རང་ངོ་དཔྱིས་ཕྱིན་པར་འཕྲོད་དེ།     རྩལ་སྣང་སྣོད་བཅུད་ཉོན་མོངས་གཉིས་འཛིན་གྱི་རྟོགས་པ་ཐམས་ཅད་ཤར་གྲོལ་དུས་མཉམ་ཀུན་བཟང་ཡངས་པ་ཆེན་པོའི་ཡེ་ཤེས་ཀྱི་རྩལ་རྫོགས་ནས་ཀུན་རྫོབ་གཟུགས་སྐུའི་བླ་མ།      དོན་དམ་ཆོས་སྐུའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་བྱིན་རླབས་སློབ་མའི་རང་རྒྱུད་ལ་ཞུགས་པའི་མཐུ་ལས་ཁམས་གསུམ་སེམས་ཅན་ཐམས་ཅད་འདྲེན་པའི་དེད་དཔོན་དམ་པ་རུ་བདག་ཉིད་ཚེ་འདི་ཉིད་ལ་སངས་རྒྱས་པར་ཤོག་ཅིག     
ཅེས་པའང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རྒྱལ་ཁམས་པ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་༢༠༡༢ཟླ་༠༩ཚེས་༡༩མཚན་ཐུན་བར་མ་ལ་དག་པའི་སྣང་བ་ཐུན་མོང་མ་ཡིན་པ་ཞིག་གིས་རྐྱེན་ཀྱིས་ཡིད་ལ་གང་ཤར་ཐོལ་བྱུང་དུ་བྲིས་པའོ༎
2012/05/06

                 
            ༄༅༅༎    ཁྲ་ལིའི་གནས་གསོལ་བསྡུས་པ་ཕྲིན་ལས་འདོད་འཇོ་བཞུགས།

ཀྱཻ།  འཛམ་གླིང་སྤྱི་དང་ཁྱད་པར་ཤར་ཕྱོགས་ཀྱི༎  ས་ཡི་སྙིང་པོ་མྱ་ངན་མེད་པའི་ཞིང་༎  དཔལ་ལྡན་ཆོས་སྐྱོང་རྒྱལ་པོའི་ཆོས་སྲིད་ཀྱི༎   རྒྱལ་ཐབས་གསེར་གྱི་རྒྱལ་མཚན་བརྟན་པའི་ཡུལ༎   ཨོ་རྒྱན་རྗེ་དང་དྲི་མེད་འོད་ཟེར་དང་༎  གཙང་པ་རྒྱ་རས་ཀུན་དགའ་ལེགས་པ་སོགས༎  རྩ་བརྒྱུད་བླ་མའི་ཞབས་བཅགས་བྱིན་བརླབས་པས༎  བཀའ་རྙིང་སྙིང་པོའི་བསྟན་པ་དར་བའི་གནས༎    སེངྒེ་རྫོང་དང་སྤ་གྲོ་སྟག་ཚང་དང་༎  སྐུ་རྗེས་བྲག་དང་མེ་འབར་མཚོ་ལ་སོགས༎   རྡོ་རྗེའི་གནས་ཆེན་ཤིན་ཏུ་ཉམས་དགའ་ཞིང་༎  སྐྱེ་དགུ་རྫོགས་ལྡན་དཔལ་གྱིས་འཚོ་བའི་ཡུལ༎  ལྷོ་མོན་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ཅེས༎   སྡེ་བཞིའི་དཔལ་ཡོན་དར་བའི་རྩེར་སྨིན་པ༎ 
2012/04/19

སྤྲུལ་སྐུའི་གཏམ་གང་དྲན་གཡོས་བླུགས་མ།

ངོ་མ་བཤད་ན་ཁོ་བོ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ལ་༧སྐྱབས་རྗེ་ཟེར་བའི་མ་ཚད་  His Holiness  ཞེས་བོད་ཀྱང་མ་འོས་པ་གང་ཡང་ཡོད་་པ་མ་རེད།  གང་ཡིན་ཟེར་ན་ཆུང་དུས་བོད་ནས་རང་དགོན་གྱིས་ངོས་འཛིན་བྱས་པ་གཅིག་པུ་ཙམ་མིན་པར།  དུས་ཕྱིས་སུ་ཡང་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ངོས་འཛིན་འཕར་མ་གནང་ནས་ཕྱག་ཡིག་ཕྱག་བྲིས་མ་དངོས་སུ་ཕེབས་ཡོད།   ཁྲི་སྟོན་གྱི་བཀའ་དྲིན་གནང་མཁན་དེ་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་རེད།   ༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་ནི་སྐབས་དེ་དུས་སྔ་འགྱུར་རྙིང་མའི་དབུ་འཛིན་ལས་ཐོག་པ་རེད།   དེས་ན་ཁོ་བོ་སྔ་ཕྱིའི་འཛམ་གླིང་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་དབུ་འཛིན་གཉིས་ཀྱི་བར་ནས་སྤྲུལ་སྐུའི་ཐོབ་ཐང་འདི་བྱུང་བ་ཡིན་པས།    
2012/04/18


ཆོས་རྗེ་མཁན་ཆེན་བླ་མ་མཆོག་གི་ཞབས་བརྟན་རིག་འཛིན་བྱང་ཆུབ་སེམས་དཔའི་བདེན་ཚིག་ཅེས་བྱ་བ།

ཨོཾ་སྭ་སྟི།   ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་ཆོས།།
རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་སོགས།།
སྐུ་གསུམ་རིག་འཛིན་རྒྱ་མཚོའི་བྱིན་མཐུ་ཡིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་།།
ཟ་ཧོར་ལྷ་ལྕམ་དབྱིངས་ཕྱུག་དཔལ་གྱི་ཡུམ།།
ཚེ་ཡི་རིག་འཛིན་བརྙེས་པའི་བདེན་སྟོབས་ཀྱིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

འཇམ་དཔལ་སྐུ་དང་མ་ཆགས་པདྨའི་གསུང་།།
ཡང་དག་ཐུགས་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི།།
བདུན་བརྒྱ་ཉེར་ལྔའི་ལྷ་ཡི་བྱིན་རླབས་ཀྱིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།
2012/02/21

   བོད་ལུགས་དང་འབྲུག་ལུགས་ཀྱི་ཆུ་ཕོ་འབྲུག་གི་ལོའི་གནམ་ལོ་གསར་བའི་རྟེན་འབྲེལ་གྱི་སྣང་བརྙན།

༄༅༅།།     ལྷ་ལྕམ་ངང་བྱུང་དཔལ་གྱི་རྒྱལ་མོའི་སྐྱེ་མཐའ་མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོའི་ཞབས་བརྟན་འཆི་མེད་གཉུག་མའི་ལང་ཚོ་ཞེས་བྱ་བ།     
༈    ཧྲཱིཿ རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ་མཐའ་ཡས།། ཚེ་དབང་རིག་འཛིན་པདྨ་རྒྱལ་པོའི་སྐུ།། ཚེ་ཡི་ཡེ་ཤེས་མཁའ་འགྲོ་མནྡ་ར།། ཚེ་ཡི་རིག་འཛིན་རྒྱ་མཚོའི་བྱིན་མཐུ་ཡིས།། གསང་བདག་བདེ་ཆེན་དཔའ་བོའི་ཐབས་ཀྱི་གྲོགས།། ཚེ་འཛིན་ཌཱཀྐི་ཆོས་སྐྱིད་དབང་མོ་ཡི།། སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན།། ཕྲིན་ལས་སྣང་བས་ས་གསུམ་ཁྱབ་པར་ཤོག། ཅེས་པ་འདི་ནི་ཕྱི་ལོ་༢༠༡༡ཟླ་༤པའི་ཚེས་༡༨ཉིན་གྱི་ཐོ་རང་ལ་དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བ་བཞིན་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱི་ཡི་གེར་བཀོད་ཅིང་། ཚེས་༢༤ཉིན་སྟག་ཚང་སེང་གེ་རྫོང་ནས་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་གྱི་མདུན་དུ་སྙན་གསན་ཕུལ་བ་དགེ་ལེགས་འཕེལ།
2012/02/19

འཆི་ཁའི་མཚམས་སྦྱོར་དང་།   སྐྱེ་བ་རྗེས་མར་ཉམས་ལེན་གྱི་འཕྲོ་མཐུད་ཚུལ།


                         གང་ཟག་གཅིག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ།  ཐུན་མོང་ཐེག་པ་སྟེ་མདོ་ཕར་ཕྱིན་ཐེག་པའི་སྐབས་སུ་བསྐལ་བ་གྲངས་མེད་གསུམ་དང་།   བདུན་དང་།  གྲངས་མེད་སོ་བདུན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས་པ་དང་།   ཡང་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་རྗེས་འདོད་ན་ཞག་བདུན་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས་པ་སོགས་ཡོད་ལ།      སྔགས་བླ་མེད་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་གདམས་ངག་ཡོད་པས།     མཚན་ལྡན་གྱི་བླ་མ་དང་འཕྲད་ནས་རིག་པ་ངོ་འཕྲོད་ཅིང་།   རང་གིས་ཀྱང་བླ་མའི་བཀའ་བཞིན་གདམས་ངག་ཉམས་སུ་ལེན་ནུས་ན་ཚེ་ལུས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན།  འོན་ཀྱང་རང་རེ་རྣམས་དབང་པོ་དམན་པ་དང་།    ཉམས་ལེན་གྱི་དུས་ཚོད་མང་པོ་མེད་པས།   གལ་ཏེ་ཚེ་ལུས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་མ་ཐུབ་ན་སྐྱེ་བ་རྗེས་མ་རྣམས་སུ་ཉམས་ལེན་གྱི་འཕྲོ་མཐུད་དགོས་པ་སྨྲོས་མེད་ཡིན།    དེས་ན་སྐྱེ་བ་རྗེས་མར་ཉམས་ལེན་གྱི་འཕྲོ་ཇི་ལྟར་མཐུད་དགོས་སམ་ཞེ་ན།   
2012/01/24

༄༅༅།།    འཕགས་མ་དབྱངས་ཅན་མའི་ཐུགས་སྒྲུབ་ཀུན་མཁྱེན་ཡེ་ཤེས་
ཕུང་པོ་ཞེས་བྱ་བ་བཞུགས་སོ།།


ན་མཿསྭ་རསྟི་ཡེ།   འདིར་ལྷ་མོ་དབྱངས་ཅན་མ་རྒྱུན་དུ་བསྙེན་པར་འདོད་པས།    སྔ་ཐུན་གྱི་ཆར་ཤ་ཆང་སྒོག་ཙོང་སོགས་མི་གཙང་བ་དང་དྲི་ང་བའི་ཟས་རིགས་རྣམས་སྤངས་ལ།   སྐྱབས་སེམས་སྔོན་དུ་བཏང་ནས་སྭ་བྷ་ཝས་སྦྱངས་ཏེ།    ཨཱཿ   ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས།།     སྣོད་བཅུད་རྣམ་དག་བདེ་བ་ཆེན་པོའི་ཞིང་།།  རང་སྣང་དག་པའི་རྒྱན་གྱུར་རི་དབང་དང་།།  ནགས་ཚལ་སྨན་ལྗོངས་ཆུ་ཀླུང་ཉམས་དགའ་བ།།  ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པས་བརྟེན།། དབུས་ན་མདངས་ལྡན་བདུད་རྩིའི་རྒྱ་མཚོའི་ནང་།། པཾ་ལས་པདྨ་དཀར་པོ་འདབ་སྟོང་སྟེང་།།    ཨ་ལས་ཟླ་གདན་རང་སེམས་ཧྲཱིཾ་དཀར་པོའི།།    ས་བོན་ཡོངས་གྱུར་ལྷ་མོ་དབྱངས་ཅན་མ།།   བཅུ་དྲུག་ལང་ཚོ་རབ་རྒྱས་སྟོན་ཟླའི་མདོག།   ཞལ་གཅིག་ཕྱག་བཞི་ཚད་མེད་མཁྱེན་བརྩེའི་གཏེར།།  དང་པོའི་ཕྱག་གཉིས་རལ་གྲི་པུསྟི་དང་།།   འོག་མའི་ཕྱག་གཉིས་བཻཌུར་པི་ཝཾ་སྦྲེངས།།མཛེས་འཛུམ་བལྟ་ན་རབ་སྡུག་པདྨའི་སྤྱན།། ནུ་འབུར་རབ་རྒྱས་ཟག་མེད་བདེ་ཆེན་འབར།།    དབུ་སྐྲ་ལི་བའི་ཐོར་ཅོག་གཙུག་ཏུ་བཅིངས།།   ལྷག་མ་སིལ་བུར་གྲོལ་བས་སྐུ་རྒྱབ་ཁེབས།།  མེ་ཏོག་དཀར་པོའི་ཕྲེང་བས་ཐོད་བཅིངས་པའི།།   དབུ་ཡི་གཙུག་ན་ཟླ་བ་ཕྱེད་པའི་མཚན།།   དར་དཀར་སྟོད་གཡོག་གསེར་གྱི་རིས་བཀྲ་ཞིང་།།    ཟ་འོག་སྨད་དཀྲིས་དབང་པོའི་གཞུ་ལྟར་འཚེར།།     སྙན་ཆ་གདུ་བུ་མགུལ་རྒྱན་དོ་ཤལ་སོགས།།    སྣ་ཚོགས་ནོར་བུ་གཡེར་ཁའི་རྒྱན་བཟང་འཆང་།།    

2011/12/27

༄༅༅།།     གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་མཛད་རྣམ་བསྡུས་པ་དང་གསུང་འབུམ་གྱི་བཞུགས་བྱང་།

 

སྔ་འགྱུར་བསྟན་པའི་ཉི་མ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་ནི།   བོད་རབ་བྱུང་བཅུ་དྲུག་པའི་སྐྱེས་བདག་ལྕག་ལུག་ཕྱི་ལོ་༡༩༣༡ལ།   ཡབ་མཁས་གྲུབ་བྱེ་བའི་གཙུག་རྒྱན་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་།  གསང་ཡུམ་ཚེ་བརྟན་གཡུ་སྒྲོན་རྣམ་གཉིས་ཀྱིས་སྲས་སུ་ལྷ་ས་རྒྱལ་འབུམ་རྒང་གི་ཉེ་འདབས་སུ་སྐུ་འཁྲུངས་ཤིང་།  ཡབ་ཀྱིས་ཁོང་གི་མཚན་ལ་འཇིགས་མེད་ཚེ་དབང་ཕྲིན་ལས་ནོར་བུ་ཞེས་གསོལ།     དགུང་ལོ་བརྒྱད་བར་ཡབ་ཡུམ་གཉིས་དང་ལྷན་དུ་བཞུགས་ཤིང་།  དགུང་ལོ་དགུ་པར་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཆོས་ཞུགས་གནང་ནས་དགུང་གྲངས་བཅུ་བདུན་བར་དེར་བཞུགས་པའི་རིང་པདྨ་བཀའ་ཐང་སོགས་ལ་སྦྱོར་ཀློག་འབྲུ་འགྲེལ་དཔྱིས་ཕྱིན་པ་དང་།  རྩ་རྒྱུད་གསང་བ་སྙིང་པོ།  སྡོམ་གསུམ་རྣམ་ངེས།   ཆོས་སྤྱོད་ཀྱི་རིགས་གང་མང་དང་།   ལོ་རེའི་རྩ་གསུམ་སྒྲུབ་མཆོད་མི་འདྲ་བ་ཁག་གི་ཞལ་འདོན་ལས་བྱང་སྒྲུབ་ཁོག་སོགས་ཐུགས་འཛིན་མཛད་དེ་ཁེར་རྒྱུག་དང་ཚོགས་རྒྱུག་ཅི་རིགས་སུ་ཕུལ།    

2011/11/30

ལེའུ་དགུ་པ།
ཡུན་རིང་བུ་ལྟར་བསྐྱངས་པའི་གྲོགས་ཀྱིས་བསླུས།།
འདུས་མཐར་འབྲལ་བའི་ཆོས་ཀྱི་རང་མཚང་ངོམ།།

དེ་ནས་འཇའ་གླིང་ཆོས་ཚོགས་སུ་ཟླ་ཤས་བསྡད་པའི་རིང་།  གཟའ་ཉི་མ་རྣམས་སུ་ཆོས་ཚོགས་ཀྱི་སློབ་མ་རྣམས་ལ་བདེན་པ་བཞི་དང་།   ཕར་ཕྱིན་དྲུག་ལ་སོགས་པ་ནང་ཆོས་ཀྱི་ཕྱོགས་ལ་ཐོས་པ་དང་ཉམས་ལེན་གཉིས་ཐད་ནས་བློ་སྐྱེད་ཐོན་ཐབས་ཀྱི་ཆོས་ཁྲིད་རྒྱུན་དུ་བཤད་ཅིང་།   ཆོས་ཚོགས་དེར་ཡོད་པའི་དགེ་བཤེས་རྣམ་པ་གཉིས་དང་།   ཁམས་སྡེ་དགེའི་བུ་མོ་བཀྲ་ཤིས་ལྷ་མོ།   མོའི་མིང་པོ་བསོད་ནམས་བཅས་ང་ཚོ་ཕན་ཚུན་ནང་ཤིན་ཏུ་བཟང་བ་མི་གཅིག་དང་འདྲ་བར་ཡོད་པས་ཧ་ཅང་སྐྱིད་པོ་བྱུང་།   སྦྱིན་བདག་ཨ་མའི་སྙིང་གཤགས་བཅོས་བཏང་བའི་རྐྱེན་གྱིས་སྙིང་ཁམས་ཅུང་མི་བདེ་བས་ང་ཚོར་རྒྱག་རེས་མང་ཙམ་རྒྱག་ཀྱང་།   སྤྱིར་བུད་མེད་སེམས་བཟང་དང་ཁྱད་པར་བོད་མིའི་ཐོག་ལ་བསམ་པ་ཤིན་ཏུ་དཀར་པོ་ཡོད་མཁན་ཞིག་རེད་འདུག   འོན་ཀྱང་མི་གཞན་རྣམས་ལ་སྟངས་འཛིན་དེ་ཙམ་མི་བྱེད་ཀྱང་ང་ལ་སྟངས་འཛིན་བྱེད་རྒྱུ་མང་དྲགས་པས།   མི་གཞན་ཚུར་ཐུག་ཏུ་ཡོང་མི་འཇུག་ཅིང་ཕར་མི་སུ་ལ་ཡང་ཐུག་ཏུ་འགྲོ་རུ་མི་འཇུག   ཉེ་འཁོར་གཡས་གཡོན་དུ་ཆོས་ཁྲིད་རེ་བཤད་དུ་ཤོག་ཟེར་མཁན་ཡོད་ཚད་ལ་མོ་རང་གིས་ཁ་པར་དང་གློག་ཕྲིན་བཏང་ནས་རིན་པོ་ཆེ་བྲེལ་བ་རེད་ཅེས་འགྲོ་རུ་མི་འཇུག་ཅིང་།   ཐ་ན་ཟླ་རེའི་མཚམས་སུ་ཁ་པར་གྱི་ཡིག་ཆ་ལ་བལྟས་ནས་ཁ་པར་ཨང་གྲངས་རེ་རེ་བཞིན་མི་སུ་ཡིན་དང་།   དོན་གང་གི་ཆེད་དུ་ཁ་པར་བཏང་བ་ལྟ་བུ་ཆ་ཚང་བཤད་དགོས་ཀྱི་འདུག་པ་སོགས་རང་དབང་མེད་པའི་དཀའ་ངལ་ཤིན་ཏུ་ཆེ་བར་བརྟེན།    ལོ་འདིའི་ཟླ་ ༩ པའི་ཚེས་ ༡༠ ནས་ཝ་ཤིན་ཊོན་ཀྱི་ཉེ་འཁྲིས་སུ་ཡོད་པའི་ས་སྐྱའི་ཆོས་ཚོགས་ཤིག་ཏུ་ཕྱིན་ནས་དེར་ཅུང་བསྡད་ཅིང་།    རིམ་གྱིས་རང་ཉིད་ལ་ངོ་ཤེས་དང་སློབ་མ་འགའ་རེ་ཡོད་པར་གྱུར་པས་ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པ་གསར་འཛུགས་བྱས་པ་དང་ད་ལྟའི་བར་འདི་ཀ་རང་དུ་སྡོད་མུས་ཡིན།
2011/10/29


དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ།
པོད་ཕྱི་མ།
༼ བདུན།༽
སྙིང་རྗེ་དང་བྱང་སེམས་གོང་ནས་གོང་དུ་འཕེལ་ཐབས།
དེ་ལྟར་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན།   ད་སྐྱེས་ཟིན་དེ་ཉིད་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་འབད་དགོས་ཤིང་།    དེ་ཡང་ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ལས་གསུངས་པ་ལྟར།    སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དྲན་པའི་སྒོ་ནས།།   སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།    བྱང་ཆུབ་བར་ཏུ་བདག་ནི་སྐྱབས་སུ་མཆི།།   བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།   འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།  ཅེས་བྱ་བ་འདི་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཏོན་པའམ།   ཡང་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལུགས་བཞིན་དཔལ་སྤྲུལ་རྡོ་རྗེ་འཆང་སོགས་ཀྱིས་རྒྱུན་ཏུ་ཕྱག་བཞེས་མཛད་པའི།   ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།། ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌།། དེ་བཞིན་དུ་ནི་བསླབ་པ་ལའང༌།། རིམ་པ་བཞིན་ཏུ་བསླབ་པར་བགྱི།། ལན་གསུམ་གྱི་ཐ་མའི་བསླབ་པར་བགྱི་ཞེས་པའི་སྐབས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་རང་རྒྱུད་ལ་ལེགས་པར་ཐོབ་པའམ་སྔར་བླངས་པ་ཡོད་ན་དེ་ཉིད་ཇེ་བརྟན་དུ་སོང་བར་དམིགས་ལ། ༈ དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་ད་གྱུར་ཏོ།། ད་ནི་བདག་གིས་ཅི་ནས་ཀྱང༌།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།། ལོང་བས་ཕྱག་དར་ཕུང་པོ་ལས།། ཇི་ལྟར་རིན་ཆེན་རྙེད་པ་ལྟར།། དེ་བཞིན་ཇི་ཞིག་ལྟར་ལྟས་ནས།། བྱང་ཆུབ་སེམས་འདི་བདག་ལ་སྐྱེས།། བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་དང༌།། གོང་ནས་གོང་དུ་འཕེལ་བར་ཤོག། བྱང་ཆུབ་སེམས་དང་མི་འབྲལ་ཞིང༌།། བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌།། སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌།། བདུད་ཀྱི་ལས་རྣམས་སྤངས་བར་ཤོག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག། མགོན་པོ་ཡིས་ནི་གང་དགོངས་པ།། སེམས་ཅན་རྣམས་ལའང་དེ་འབྱོར་ཤོག། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག། ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བར་ཤོག། བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ།། དེ་དག་ཀུན་གྱི་སྨོན་ལམ་མྱུར་འགྲུབ་ཤོག། ཅེས་པ་འདི་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་དུ་མ་ཆད་པར་བཏོན་ཅིང་།  དོན་ཡིད་ལ་དྲན་པར་བྱས་ན།   སྔར་རང་གི་རྒྱུད་ལ་སྐྱེས་ཟིན་པའི་སྙིང་རྗེ་དང་བྱང་སེམས་ཉིན་རེ་བཞིན་གོང་ནས་གོང་དུ་འཕེལ་བ་ཡིན་ཞིང་།

དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ།
(སྔ་མ)
དཀར་ཆག
༡༽    འཇིག་རྟེན་གྱི་ཐོག་གི་ཉམས་ལེན་ཚད་མཐོ་ཤོས།  
༢༽    སྙིང་རྗེའི་ཕན་ཡོན།  
༣༽    སྙིང་རྗེའི་ཉམས་ལེན་ངོ་མ་ཇི་ལྟར་བྱེད་དགོས། 
༤༽    དུད་འགྲོ་རྣམས་ལ་དམིགས་བསལ་གྱི་སྙིང་རྗེ་བྱེད་འོས། 
༥༽    བྱང་ཆུབ་ཀྱི་སེམས་དང༌། བྱང་ཆུབ་སེམས་དཔའ།  
༦༽    སྙིང་རྗེ་དང་བྱང་སེམས་རྒྱུད་ལ་སྐྱེ་བའི་མན་ངག་ཡག་ཤོས། 
༧༽    སྙིང་རྗེ་དང་བྱང་སེམས་གོང་ནས་གོང་དུ་འཕེལ་ཐབས།  
༨༽    སྐྱེ་བ་རྗེས་མར་ཉམས་ལེན་གྱི་འཕྲོ་ཇི་ལྟར་མཐུད་ཚུལ།
༩༽    བྱང་སྡོམ་ལེན་ཚུལ།
༡༠༽  རང་ཉིད་ཀྱི་ལོ་རྒྱུས།  
༡༡༽   བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས།
༡༢༽   རྒྱུན་གྱི་ཉམས་ལེན་བྱེད་ཚུལ།  
༡༣༽   མི་ཚེའི་རིན་ཐང་།
༡༤༽  ནང་པའི་ཆོས་ཀྱི་བསྒོམ་རིམ།  
༡༥༽  བླ་སློབ་ཀྱི་འབྲེལ་བ།  
༡༦༽  ནང་པའི་ཆོས་དང་ཁྱིམ་ཚང་འཆམ་མཐུན། 
༡༧༽  ངས་སྙིང་རྗེའི་ཉམས་ལེན་བྱེ་བྲག་ཏུ་བཤད་དགོས་དོན།  
༡༨༽  སྙིང་རྗེ་ཅན་གྱི་མངོན་རྟོགས།

༄༅༅།།  དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ།

ཆོས་ལུགས་གང་ཡང་རུང་བ་ཉམས་སུ་ལེན་མཁན་གྱི་གང་ཟག་ཅིག་ཡིན་ན།   ཆོས་ལུགས་དེ་ནི་ཚེ་འདི་དང་ཕྱི་མའི་བདེ་སྐྱིད་ཀྱི་འབྱུང་གནས་དང་།   རང་དང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་ལམ་མཐར་ཐུག་ཏུ་ངོས་འཛིན་གྱི་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད།   དེར་བརྟེན་ཆོས་ལུགས་པའི་གང་ཟག་ཅིག་ཡིན་ན།      ངེས་པར་དུ་རང་གི་ཆོས་ལུགས་ཉམས་སུ་བླངས་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་ཞིག་སྟོན་རྒྱུ་ཡོད་པར་བྱེད་དགོས་པ་ཡིན།       ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་མཚོན་ན་ཐེག་པ་གསུམ་དང་།    ཐེག་པ་དགུ་དང་།   ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་།     ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་བ་སོགས་ཡོད་ཀྱང་།    དེ་དག་ཐམས་ཅད་ཀྱི་མདོ་འགག་མཐར་ཐུག་པ་ནི་ཤེས་རབ་དང་སྙིང་རྗེ་གཉིས་པོ་ཁོ་ན་ལ་ཐུག་ཡོད་ཅིང་།   གང་ཟག་གང་ཞིག་ལ་ཤེས་རབ་དང་སྙིང་རྗེའི་བསམ་བློ་སྔར་མེད་གསར་སྐྱེ་དང་།    སྔར་ཡོད་གོང་ནས་གོང་དུ་འཕེལ་བ་ཞིག་བྱུང་བ་དེ་ལ་ཆོས་ཉམས་སུ་བླངས་པའི་གྲུབ་འབྲས་ཐོན་ཟེར་བ་ཡིན།   གནད་འགག་འདི་མ་ཤེས་པའི་སྐྱེན་གྱིས་དེང་སང་ཆོས་པ་གང་མང་ཞིག་གིས་ཁོང་ཚོའི་ཉམས་ལེན་ལ་གྲུབ་འབྲས་གང་ཡང་ཐོན་གྱི་མི་འདུག་ཟེར་བ་དང་།      དེའི་རྐྱེན་གྱིས་ག་ལེ་ག་ལེར་ཆོས་དང་བླ་མ་ལ་ཐེ་ཚོམ་དང་ལོག་བལྟ་བྱས་ནས་མཐར་ཚེ་འདི་ཕྱི་གཉིས་ལ་འཛིན་ས་གང་ཡང་མེད་པ་ཞིག་ཆགས་ཀྱི་ཡོད།  མང་ཆེ་བ་ཞིག་གིས་ཆོས་ཀྱི་རྩ་བ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་དོར་ནས།   གསང་སྔགས་ཀྱི་ཆོས་ལ་གོ་བ་ཙམ་ཡང་མ་ལོན་གོང་གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་འཕྲལ་དུ་མངོན་ཤེས་དང་རྫུ་འཕྲུལ་སོགས་ཐོབ་རྒྱུ་ལ་རེ་བ་བྱེད་པ་ནི། ཚེ་རབས་མང་པོར་སྦྱངས་པ་སྔོན་དུ་སོང་བའི་གང་ཟག་ཁྱད་པར་བ་རེ་ཡིན་ན་མ་གཏོགས།   ཚེ་འདི་ཕྱི་གཉིས་ལ་གྱོང་རག་རྒྱུ་ཉག་གཅིག་ལས་མེད་པས།       རང་གིས་རང་ཉིད་ཆག་སྒོ་ཆེན་པོ་ཞིག་གི་ནང་དུ་རྐང་བཙུགས་ནས་འདེད་པ་དང་གཉིས་སུ་མེད།    
2011/10/24


སྤོབས་པ་མཐའ་ཡས་སོགས་ཀྱི་དྲིས་ལན།

སྤོབས་པ་མཐའ་ཡས་ལགས་སུ།   ཉིད་ཀྱི་དྲི་བ་དེ་ཉིན་ཤས་སྔོན་ནས་མཐོང་སོང་ཡང་།   དེ་རིང་གི་བར་དུ་ལན་འབུལ་རྒྱུའི་དུས་ཚོད་མ་བྱུང་བར་དགོངས་པ་མ་ཚོམས་རོགས་ཞུ།   དེ་བཞིན་ལ་སྟོད་བུ་ལགས་ཀྱིས་མཆན་འདེབས་མཁན་རྣམས་ལ་མཐོང་ཆུང་མ་བྱེད་པར་ལན་འདེབས་རོགས་གསུངས་འདུག་ཀྱང་།   མཐོང་ཆུང་ག་ལ་ཡིན་ཏེ་ཉིན་འདི་དག་གི་རིང་ཐ་ན་ངལ་གསོ་ཡག་པོ་ཞིག་ཀྱང་རྒྱག་ལོངས་མ་བྱུང་བས་ལན་འབྲི་རྒྱུའི་དུས་ཚོད་བྱུང་མ་སོང་ལགས།   དེ་རིང་གཟའ་སྤེན་པ་ཡིན་ཡང་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཡིག་ཆ་ཞིག་གི་ཆེད་དུ་གཞུང་གི་ལས་ཁུངས་ཁག་ཏུ་སོང་སྟེ་ཉིན་གང་པོར་བསྒུགས་པ་དང་།   དགོང་མོའི་ཆུ་ཚོད་དྲུག་པའི་ཐོག་གཟོད་ཁྱིམ་དུ་སླེབས་ཐུབ་པ་ཙམ་བྱུང་།   ཁར་སང་ཁར་ཉིན་ཡང་གཅིག་མཚུངས་ཡིན།   ཁོ་བོའི་གྲོགས་པོ་རྨ་ཆུའི་དར་རྒྱས་ངའི་སར་ཕེབས་པ་ལ་སྣེ་ལེན་ཡག་པོ་ཞིག་བྱེད་ལོངས་མ་བྱུང་བར།   ཉིན་གཉིས་གསུམ་ལ་ཁོང་དང་ངའི་བུ་ཆུང་གཉིས་གཅིག་པུར་ཁྱིམ་དུ་བཞག་ནས་ཕྱི་ལོགས་སུ་འགྲོ་དགོས་བྱུང་སོང་།   དེ་བས་ཐོག་མར་ལན་དུས་ཐོག་ཏུ་འབུལ་མ་ཐུབ་པར་དགོངས་སེལ་ཞུ་བ་ཡིན།    
2011/10/14


ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཀྱི་གླེང་བརྗོད་རིང་མོ།

ཀུན་གྱིས་མཁྱེན་གསལ་ལྟར།    འདི་ལོར་གཞུང་སྒེར་གྱི་ཚོགས་པ་དུ་མས་བོད་ཀྱི་ཆོས་དང་རིག་གཞུང་།    ཆབ་སྲིད་བཅས་ཀྱི་ཐོག་ཏུ་གོམ་གང་མདུན་སྤོས་ཀྱིས་ལས་འགུལ་གང་མང་སྤེལ་བཞིན་པའི་ནང་ནས་དམིགས་བསལ་གཅིག་ནི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་འདི་ཡིན་ཞིང་།    རྩོམ་རིག་བྱ་དགའ་འདི་ནི་སྟོང་ལོ་གསར་བའི་ནང་གི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་རྣམ་དཔྱོད་དང་།   ངག་རིག་སྒྱུ་རྩལ་གྱི་ཐོག་ཏུ་རིང་ཐུང་འཇལ་བྱེད་ཀྱི་ཐིག་ཤིང་དང་།    ལྕི་ཡང་འདེགས་བྱེད་ཀྱི་རྒྱ་མ་རུ་གྱུར་ཡོད་པར་མ་ཟད།   མ་འོངས་པའི་མི་ཚེའི་ལོ་རྒྱུས་ཀྱི་ནང་དུ་ཡང་།    སྐབས་དེ་དུས་ཀྱི་བཙལ་བྱོལ་བོད་རིགས་རྩོམ་པ་པོ་རྣམས་ཀྱི་ཁྲོད་དུ་རང་ཉིད་ལ་རྩོམ་རིག་སྒྱུ་རྩལ་གྱི་གནས་བབས་ཇི་ཙམ་ཡོད་པའི་མཚོན་རྟགས་སུ་གྱུར་ཡོད་སྟབས།     མིང་ཡོངས་སུ་གྲགས་པ་དང་མ་གྲགས་པའི་རྩོམ་པ་པོ་ལྔ་བཅུ་ཐམ་པས་རྩོམ་རིག་བྱ་དགའི་འགྲན་རྩོད་འདིའི་ཆ་ཤས་བླངས་ཡོད་པ་དང་།   ཁོ་བོ་རང་ཡང་དེའི་ཁོངས་སུ་སྔོན་ཐོན་པ་བྱས་ནས་ཞུགས་པ་ཡིན།   
2011/10/11

བླ་མ་དྲན་པའི་དུས་གཏམ་རྡོ་རྗེའི་མཆེད་ལྕམ་རྣམས་ཀྱི་
ཐུགས་གསོ་ཞེས་བྱ་བ།

ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ།།
ཤིན་ཏུ་འཇིགས་རུང་འཁོར་བའི་གཡང་ས་ལས།། 
ཐུགས་རྗེ་ཆེན་པོའི་ཕྱག་གིས་སྐྱོར་མཛད་པ།།
མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་ལ།།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

འདི་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས།།    
ཁམས་ཞེས་གྲགས་པ་འཛིན་མའི་སྙིང་པོ་ན།།
གསེར་གྱི་རྟ་མཆོག་མཁའ་ལ་འཕུར་བའི་ཡུལ།།
གསེར་ལྗོངས་ས་སྤྱོད་ལྷ་ཡི་ཞིང་ཁམས་ཡོད།།
2011/09/05


རོང་ཟོམ་ཆོས་ཀྱི་བཟང་པོའི་གསུང་འབུམ་གྱི་དཀར་ཆག

༈    བླ་མ་ལ་ཕྱག་འཚལ་ལོ།།  གངས་རིའི་ལྗོངས་ཙམ་ན་དུས་གསུམ་དུ་འགྲན་པའི་ཟླ་དང་བྲལ་བར་གྲགས་པ་ཀུན་མཁྱེན་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་ཐུན་མིན་མདོ་རྒྱུད་མན་ངག་གི་གཞུང་ཤིང་ཆེན་མོ་རྣམས་ནས།   ཐུན་མོང་རིག་གནས་དང་།    འཇིག་རྟེན་པའི་ཞིང་ལས་དང་ཕྱུགས་སྐྱོང་བ།     དཀར་ཤེ་ཇི་ལྟར་བསྒྲུབ་ཚུལ་ཡན་ཆད་ཀྱི་གསུང་འབུམ་པོ་ཏི་དྲུག་ཅུར་ལོངས་པ་དང་།     སྔ་རབས་པ་འགའ་ཞིག་གིས་དེ་ལས་ཀྱང་མང་བ་ཡོད་ཚུལ་བཤད་ཅེས་འཇམ་མགོན་མི་ཕན་རིན་པོ་ཆེས་མཛད་པའི་རོང་ཟོམ་གསུང་འབུམ་གྱི་དཀར་ཆག་མེ་ཏོག་ཕྲེང་བར་གསུངས་ན་ཡང་།         དེང་སང་ད་དུང་གསུང་འབུམ་པོ་ཏི་གསུམ་ལས་དཔེ་རྒྱུན་གཞན་རྙེད་མེད་ཅིང་།        པོད་གསུམ་པོའི་སྔ་མ་གཉིས་ནི་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་དབུས་གཙང་ཀུན་ཏུ་འབད་པ་ཆེན་པོས་བཙལ་ནས་རྙེད་པ།     ཁོང་གི་སྐུ་དུས་སུ་ཤིང་པར་དུ་འགོད་རྒྱུའི་དབུ་བཙུགས་ཀྱང་འཕྲོ་ཅན་དུ་གྱུར་པ་ལ།     ཕྱིས་སུ་གཞན་ཕན་པ་ཉིད་ཀྱི་སྤྲུལ་སྐུ་གཞན་ཕན་ཆོས་ཀྱི་སྣང་བས་ཤིང་པར་དུ་བཀོད་ཅིང་།     འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་ཞུས་དག་མཛད་པ་དང་།    པོད་གསུམ་པ་ནི་དེའི་རྗེས་སུ་མཁས་པ་འགའ་ཞིག་གིས་འཚོལ་བསྡུ་ཞུས་པའི་དཔེ་རྣམས་རྨུགས་སངས་མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ་གྱིས་ཕྱོགས་བསྒྲིགས་གནང་བ་ཡིན།    དེ་ཡང་མཁར་ལེགས་སྤྲུལ་སྐུ་ཚང་གིས་རོང་ཟོམ་པའི་གསུང་འབུམ་པོད་གསུམ་པོ་འདི་སྐུ་གསུམ་གྱི་གྲངས་ལྡན་དུ་ཤིང་པར་ལ་བཏབས་ཡོད་ཅེས་གསུངས་ན་ཡང་།    མི་ཕམ་རིན་པོ་ཆེས་དཀར་ཆག་མེ་ཏོག་ཕྲེང་བར།    པོད་སྔ་མ་གཉིས་ལ་ཨ་དང་ཨཱ་ཡིས་པོད་རྟགས་མཛད་ཅིང་།   ད་དུང་ཡང་མཁས་པའི་དབང་ཕྱུག་ཆེན་པོ་འདིའི་གསུང་ཆེ་ཕྲ་ཇི་རིགས་གང་ཟག་བློ་ལྡན་དག་གིས་བཙལ་ན།     དབུས་གཙང་སོགས་སུ་སྔར་གྱི་ཡིག་རྙིང་རྣམས་ཀྱི་ཁྲོད་དུ་རྙེད་པར་སྲིད་ལ།       རྙེད་ན་གོ་རིམ་ངེས་པ་མེད་པར་འདིའི་འཕྲོ་མཐུད་དེ་དབྱངས་བཅུ་དྲུག་གི་རིམ་པས་པོད་གྲངས་སུ་བསྒྲིག་པར་བྱ་བའི་རྟེན་འབྲེལ་འཕྲོ་ཅན་དུ་བྱས་པ་ཡིན་ནོ།།  ཞེས་གསུངས་པ་བཞིན་དུས་ཕྱིས་ཨ་ལགས་གཟན་དཀར་ཚང་དང་།  རྫོགས་ཆེན་མཁན་པོ་ཆོས་དགའ་སོགས་ཀྱི་བཀའ་དགོངས་ལྟར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་གསུམ་འབུམ་པོད་གསུམ་པོ་དེབ་ཆེན་གཉིས་གྱི་གཟུགས་སུ་བསྡུས་ནས་པར་སྐྲུན་བྱེད་སྐབས་ཀྱང་།   ཨ་དང་ཨཱ་དང་ཨི་རྣམས་ཀྱི་པོད་རྟགས་མཛད་པའི་ལུགས་སུ་བསྒྲིགས་ཡོད།  དེ་ལྟར་ན་ད་ཡོད་པོ་ཏི་གསུམ་པོ་གོང་ལྟར་དེབ་ཆེན་གཉིས་སུ་བསྡུས་ཏེ་བཞུགས་པ་ལས།
   
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་དཀར་ཆག

༈    བླ་མ་ལ་ཕྱག་འཚལ་ལོ།།    ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དྲི་མེད་འོད་ཟེར་གྱི་གསུང་རབ་ལས་སྲིད་ན་དཀོན་པའི་ལེགས་བཤད་རྨད་དུ་བྱུང་བ་མཛོད་ཆེན་བདུན་རྩ་འགྲེལ་སོགས་ཀྱི་སྐོར་དང་།   ངལ་གསོ་སྐོར་གསུམ་གྱི་སྐོར།  གསང་འགྲེལ་ཕྱོགས་བཅུའི་མུན་སེལ།   སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་བཅས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་མཛོད་ཆེན་མོར་པུསྟི་ཀ་ཧ་ཅང་ཆེན་པོ་བཞིའི་ནང་དུ་རྫོགས་པར་བཞུགས་པ་ལས།